ཞབས་རིམ་གསོག་སྒྲུབ་གནང་བཞིན་པ།

ཟླ་འདིའི་ཚེས་༡༠  ཉིན་གྱི་ཞོགས་པ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གིས་གོ་སྒྲིག་འོག་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་ཆེད་དུ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་བཀའ་རབས་འབྱམས་དགེ་བའི་བཤེས་གཉེན་རྣམས་པའི་གཙོས་དགེ་འདུན་པ་སུམ་སྟོང་མ་ཟུན་ཙམ་འདུ་ཁང་གསར་བའི་ནང་ཆེད་གཉེར་ཀྱིས་ཕེབས་ནས་ཉིན་དྲུག་རིང་ཞབས་རིམ་གསོག་སྒྲུབ་བྱེད་བཞིན་ཡོད་པ་རེད།

ཞབས་རིམ་གསོག་སྒྲུབ་གནང་དགོས་པའི་དགོས་པ་རྒྱུ་མཚན་དང་དེའི་དམིགས་ཡུལ་གཙོ་བོ་གང་ཡིན་སྐོར་ལ་འབྲས་བློ་གླིང་ཕྱག་མཛོད་དགེ་བཤེས་མཁྱེན་རབས་ཆོས་རྗེ་ལགས་སུ་བཅར་འདྲི་ཞུས་པར།  ཞབས་བརྟན་དེ་དེ་རིང་གི་འགོ་བཙུགས་ནས་ཉིན་གྲངས་དྲུག་རིང་འཚོགས་རྒྱུ་ཡིན།  དེ་ཡང་འདི་ལྟར་ཞབས་རིམ་ཚོགས་དགོས་པའི་དགོས་པ་རྒྱུ་མཚན་གཙོ་བོ་༧རྒྱལ་བ་རིན་པོ་ཆེའི་གཙོས་སྐྱེས་བུ་དམ་པ་ཚང་མའི་སྐུ་ཚེ་ཞབས་པད་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེག་མེད་ལྷུན་གྱི་འགྲུབ་པ་དང་།  བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཐམས་ཅད་འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་བཟུང་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕངས་མགྱོག་ནས་མྱུར་དུ་ཐོབ་པའི་ཆེད་དང་།

དེ་ག་ནང་བོད་ནང་ལོགས་སུ་དཀའ་སྡུག་མྱང་དང་མྱོང་བཞིན་པའི་གཞིས་ལུས་སྤུན་ཟླ་ཡོངས་ཀྱི་དཀའ་སྡུག་མཐའ་དག་ཕྲལ་དུ་ཞུ་ནས་གཞིས་བྱེས་བོད་མི་ཡོངས་ཀྱིས་འདོད་དོན་ལྷུན་གྱི་གྲུབ་པ་བཅས་ཀྱི་ཆེད་དུ་དམིགས་ནས་ཞབས་རིམ་གསོམ་སྒྲུབ་ཉིན་དྲུག་རིང་འཚོགས་གཏན་ཁེལ་ཡོད་ཅེས་གསུངས་སོང་།

ཞབས་རིམ་འདི་ལྟར་ཚོགས་དགོས་པ་རང་གཞུང་གིས་བཀའ་རྒྱ་སོགས་རེད་དམ་ཡང་ན་གློ་གསལ་གླིང་གྲྭ་ཚང་རང་ངོས་ནས་རྒྱ་རང་ཁུར་བྱས་ནས་འཚོགས་པ་རེད་ཅེས་དྲིས་པར། གཞུང་གི་བཀའ་རྒྱ་སོགས་གང་ཡང་མ་རེད། གྲྭ་ཚང་རང་ངོས་ནས་གོ་སྒྲིག་དང་འགྲོ་སོང་བཏང་ནས་འཚོགས་ཀྱི་ཡོད་པ་རེད་ཅེས་གསུངས་སོང་།

ཡང་ཁོང་ལ་ཞབས་རིམ་གཙོ་བོ་ག་རེ་གསོག་སྒྲུབ་བྱེད་ཀྱི་ཡོད་མེད་སྐོར་ལ་དྲིས་པར།  དེ་རིང་ནས་འགོ་འཛུག་གི་ཉིན་དང་པོ་གསུམ་ལ་བློ་གསལ་གླིང་གི་ཐུན་མོང་མ་ཡིན་པའི་སྲུང་མ་མགོན་པོ་ཕྱག་བཞི་བ་དང་དམ་ཅན་རྡོ་རྗེ་ལག་པ་གཉིས་ཀྱི་བསྐངས་ཕྱག་དང་།  གཞན་ཡང་བོད་གཞུང་གིས་ཐུན་མོང་མ་ཡིན་པའི་སྲུང་མ་དམར་ནག་གཉིས་དཔལ་ལྡན་ལྷ་མོ་དང་རྡོ་རྗེ་དྲག་ལྡན་བཅས་ཀྱི་བསྐངས་ཕྱག་གསོག་སྒྲུབ་གནང་རྒྱུ་དང་།  དེའི་རྗེས་ཀྱི་བདུན་ཕྲག་ནང་གི་ཉིན་གསུམ་རིང་རྒྱལ་བའི་བཀའ་འགྱུར་དག་འདོན་བྱེད་རྒྱུ་དང་།  ཡུམ་རྒྱས་འབྲང་བསྡུས་གསུམ་གྲངས་ཀ་གསོག་རྒྱུ།  དེ་ག་ནང་བཞིན་མདོ་སྡེ་བསྐལ་བཟང་དང་གཟུང་འདུས་བཅས་གྲངས་ཀ་གསོག་སྒྲུབ་གནང་རྒྱུ་ཡིན་ཅེས་སོགས་གསུངས་སོང་།