ཤེས། སྤྱོད། ཕན།
བསམ་ཤེས་པའི་འགྲོ་བ་མི་ཚང་མས་ཤེས་བྱ་རིག་པའི་གནས་ནི་ལེགས་དང་མཆོག་ཏུ་བརྩིས་ནས་གནམ་ལ་བཏེགས་ཡོད། དཔྱོད་ཤེས་ལྡན་པའི་མིའི་འགྲོ་བ་ཆགས་ནས་ད་བར་དུ་སློབ་སྦྱོང་དང་རིག་གནས། མཁས་པ། ཤེས་ཡོན་ཅན་སོགས་ཡག་པོ་མེད་པའི་ལྟ་ཚུལ་ཅན་གྱི་མི་བུ་འཇིག་རྟེན་དུ་སྐྱེས་པ་ཆེས་ཉུང་ཉུང་ཡིན།
སློབ་སྦྱོང་གི་བསྟི་གནས་དང་། རིག་གནས་སློབ་པའི་སློབ་གྲྭ་སོགས་བགྲང་གིས་མི་ལངས་པ་ཞིག་འཇིག་རྟེན་འདིར་བཞེངས་བསྐྲུན་བྱས་ཏེ་ད་བར་དུ་འོང་། ཆེན་པོ་དག་གིས་སློབ་སྦྱོང་གལ་ཆེན་དུ་གླེང་། ཕ་མ་དག་གིས་སློབ་སྦྱོང་རྩ་ཆེན་དུ་བརྩིས། གཞོན་སྐྱེས་དག་གིས་སློབ་སྦྱོང་གལ་ཆེན་དུ་མཐོང་། དོན་ངོ་མར་སློབ་སྦྱོང་དེ་ཇི་ཙམ་གལ་ཆེ་བ་དང་དེའི་མཇུག་འབྲས་རང་བཞིན་ལ་བསམ་ཤིང་ཤེས་པའི་བསམ་བློ་དེ་ཧ་ཅང་ཉུང་། དེ་ནི་སྤྱི་ཚོགས་ཀྱི་ཕན་གནོད་དང་འབྲེལ་ནས་གླེང་ན་ཆེས་གལ་ཆེན་ལས་ཀྱང་གལ་ཆེན་ཞིག་ཡིན།
སློབ་སྦྱོང་ནི་སྟོབས་ཤུགས་ཤིག་ཡིན། སྟོབས་ཤུགས་དེ་ལེགས་ཉེས་གང་ལ་བཀོལ་ཀྱང་ཆོག སློབ་སྦྱོང་ནི་ནུས་པ་ཞིག་ཡིན། ནུས་པ་དེ་ཡག་སྡུག་ཅི་ལ་སྤྱད་ཀྱང་ཆོག སློབ་སྦྱོང་ནི་ས་བོན་ཞིག་ཡིན། དེ་ལས་ཧ་ལོའི་དུག་དང་། དཔག་བསམ་གྱི་ཤིང་གང་ཡང་སྐྱེ། ལེགས་ཉེས་གང་དུ་ཡང་བཀོལ་སྤྱོད་མི་ཐུབ་པའི་སློབ་སྦྱོང་ནི་མ་ནིང་ཞིག་དང་འདྲ་བར་ནམ་ཡང་གྲུབ་འབྲས་ཀྱི་བུ་སྐྱེ་མི་ཐུབ།
དཔེར་ན་སློབ་སྦྱོང་ཡོད་ཀྱང་བེད་སྤྱོད་བྱེད་མི་ཐུབ་པའི་མི་བུ་དག་ཡིན། འདིས་རང་ཉིད་དང་སྤྱི་ཚོགས་ལ་དགེ་སྐྱོན་ཆེར་མི་འདྲེན། གཞན་ཞིག་ནི་སློབ་སྦྱོང་ཉེས་ཕྱོགས་སུ་བེད་སྤྱོད་བྱེད་མཁན་དག་ཡིན། འདིས་ནི་མིའི་འགྲོ་བ་དང་། སྣོད་བཅུད་ཡོངས་སུ་རྫོགས་པར་གཏོར་སྐྱོན་གཏོང་གི་ཡོད། དཔེར་ན། མིའི་རིགས་ཀྱི་ཚེ་སྲོག་འབུམ་ཕྲག་མང་པོ་དུས་གཅིག་ཏུ་འཇོམས་པའི་རྡུལ་ཕྲན་མཚོན་ཆ་དང་། འཛམ་གླེང་ཡོངས་རྫོགས་ཐལ་བར་གཏོང་བའི་འབར་གས་ཡོ་ཆས། སྤྱི་ཚོགས་གཏོར་བཤིག་དང་མི་རིགས་དབྱེ་འབྱེད། འཇིགས་སྐུལ་དྲག་སྤྱོད་ཀྱི་ལག་ཆར་གྱུར་བའི་ཤེས་ཡོན་གྱི་གྲུབ་དོན་ཡོད་ཚད་ནི་འདིའི་དཔེ་མཚོན་ཙམ་ཡིན།
སློབ་སྦྱོང་ལེགས་ཕྱོགས་སུ་སྤྱོད་པའི་དགེ་མཚན་དང་། དེས་སྤྱི་ཚོགས་འཚོ་གནས་ཀྱི་ཚེ་སྲོག་ལ་ཕན་པའི་ཆ་སུས་ཀྱང་བརྗོད་ཟིན་པས་བསྐྱར་ཟློས་མི་བྱ། ཤེས་རིག་ལ་དོ་སྣང་དང་། སློབ་སྦྱོང་ལ་གཙིགས་ཆེན་བྱེད་མཁན་ཚོས་གོང་གི་དཔེ་མཚོན་དང་པོ་གཉིས་ནི་ངེས་པར་དུ་ཞིབ་ཚགས་པོས་བསམ་གཞིག་བྱ་དགོས། ང་ཚོས་དུས་ནམ་ཡང་རང་གིས་རང་ལ་དྲི་བ་འགོད་དགོས། ངས་ཅིའི་ཕྱིར་སློབ་སྦྱོང་བྱེད་ཀྱི་ཡོད་རེད། ངས་ཅིའི་ཕྱིར་དཔེ་ཆ་ཀློག་གི་ཡོད་རེད། ངས་ཅིའི་ཕྱིར་འབད་བརྩོན་བྱེད་ཀྱི་ཡོད་རེད། དྲི་བ་འདི་དག་རང་ཉིད་དྲིས་དང་། ཡང་ཡང་དྲིས་དང་། ལན་གང་འདྲ་ཞིག་རེག་གི་འདུག ངས་མི་ཚེའི་མདུན་ལམ་གྱི་ཆེད་དུ་སློབ་སྦྱོང་བྱེད་ཀྱི་ཡོད་ཟེར་སྲིད།
འོ་ན་མི་ཚེའི་མདུན་ལམ་ཟེར་བ་དེ་གང་རེད། དངུལ་སྒོར་གསོག་རྒྱུ་དེ་རེད་དམ། བུ་ཕྲུག་གསོ་རྒྱུ་དེ་རེད་དམ། དེ་ལས་རྒྱ་ཆེ་བ་ཞིག་ཡོད་དམ། འགྲོ་བ་མིའི་རིགས་ཀྱི་ཆེད་དུ་རེད་དམ། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རེད་དམ། ཡང་ནས་ཡང་དུ་དྲིས་ལན་འདི་དག་ཚོལ་དང་། ཁྱེད་རང་ཡིད་ཚིམས་པའི་ལན་ཞིག་རེག་གི་འདུག་གམ། ཕྱིར་རྟོག་འདི་དག་གིས་རང་ཉིད་ཀྱིས་ཅི་ཞིག་བྱེད་ཀྱི་ཡོད་པའི་གནས་ལུགས་འདི་གཞི་ནས་ཤེས་ཐུབ། ཁྱེད་ཀྱིས་རང་ངོ་ཟིན་པའི་ཉིན་དེ་ནས་ཁྱེད་རང་མཁས་པའི་གོ་འཕང་ཐོབ་པ་ཡིན། དོན་དམ་པའི་མཁས་པའི་རྒྱལ་སར་བསྙེགས་པ་ཡིན། དེ་མིན་རང་ངོ་མི་ཤེས་པའི་འུ་ཚོའི་མཁས་པ་དང་བསམ་བློ་ཅན་དུ་འབོད་པ་ཚོས་གཞན་སྣེ་འཁྲིད་བྱེད་པ་ལས་ལྡོག་སྟེ་གཞན་གཡང་མི་གཡུག་པའི་ངེས་པ་མི་འདུག མདོར་བསྡུས་ན་འདིའི་རྐྱེན་རྩ་ནི་རང་ངོ་མ་ཤེས་པ་ཁོ་ནར་ཐུག་ཡོད།
འདི་ལྟར་བསམ་སྐབས། རང་ངོ་རང་གིས་ཤེས་པར་བྱིན་གྱིས་རློབས།། ཞེས་པའི་ཆོས་ཚིག་འདི་འཇིག་རྟེན་མི་ཆོས་ཀྱི་བསྡོམས་ཚིག་ཆེན་པོ་ཞིག་ཀྱང་ཡིན་པར་འཁུམས་སོ།།
༢༠༡༢/༤/༡༥/ལ།