སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོས་གཡོལ་སྟངས་ཤེས་མི་འདུག
བུད་མེད་ཚོགས་གཙོ་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་་་་་་་་ད་ལྟའི་གནས་ཚུལ་དེ་ཚོགས་པའི་དངུལ་ཟ་རྒྱུའི་ཀུན་སློང་ངན་པ་ཞིག་གི་ཐོག་བྱས་པ་རྩ་ནས་མིན་ལ། རྒྱུན་ལས་ཀྱིས་ཤེས་ཀྱི་ཡོད་པ་རེད་ཟེར་བར། གལ་སྲིད་རྒྱུན་ལས་ཀྱིས་ཤེས་ཀྱི་ཡོད་ན་བུད་མེད་ཚོགས་པའི་གསལ་བསྒྲགས་ནང་་་་་་ འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢ ཉིན་ཚོགས་གཞོན་གྱིས་དངུལ་འཛིན་(Cheque ) ཨང་གྲངས་ ༦༡༦༤༤༢ བྱས་པ་ཞིག་ཚང་མེད་པ་ཤེས་རྗེས་འབྲེལ་ཡོད་ལས་བྱེད་ཚོར་སྐད་ཆ་དྲིས་ཀྱང་དངུལ་འཛིན་བེད་སྤྱོད་བྱས་མེད་པའི་ལན་འདེབས་བྱས་ཡོད། དེ་རྗེས་རྩིས་ཁྲར་ཞིབ་འཇུག་ཞིབ་ཚགས་བྱས་རྗེས་མེག་གྷན་ཨེས་བི་ཨེའི་དངུལ་ཁང་ལ་རྩད་གཅོད་བྱ་རྒྱུར་རེ་སྐུལ་ཞུས་པ་བཞིན། དངུལ་འཛིན་དེ་ནས་ཧིན་སྒོར་འབུམ་གཉིས་ལྡི་ལི་མཐོ་སློབ་ཨེས་བི་ཨེའི་དངུལ་ཁང་ནས་རྡོ་རྗེ་གླིང་གནས་སྡོད་མཱ་ཡ་པྲ་དྷན་(Maiya Pradhan)ཟེར་བ་ཞིག་གི་མིང་ཐོག་ཏུ་བཏང་བ་ཤེས་རྟོགས་བྱུང་་་་་ཞེས་འཁོད་འདུག་པས། རྒྱུ་མཚན་གང་ལ་བརྟེན་ནས་ཞིབ་འཇུག་མང་པོ་དེ་འདྲའི་ལམ་ཁ་བརྒྱུད་དགོས་བྱུང་བ་རེད།
ཡང་མོས
ལས་ཀ་མང་དྲགས་པ་དང་། ཞེས་ཟེར་བར་འདིས་གང་ཞིག་བརྗོད་ཀྱི་ཡོད་པ་རེད། ལས་ཀ་མང་དྲགས་ནས་གཞན་ལས་དངུལ་གཡར་རྒྱུའི་དུས་ཚོད་མ་རག་ནས་བུད་མེད་ཚོགས་པའི་དངུལ་བཏང་དགོས་བྱུང་སོང་ཟེར་གྱི་ཡོད་རེད་དམ། ཡང་ན་བུད་མེད་ཚོགས་པའི་དངུལ་བེད་སྤྱོད་བཏང་པ་ཡིན་ཞེས་རྒྱུན་ལས་ཚོར་ཞུ་རྒྱུ་རག་མ་སོང་ཟེར་གྱི་ཡོད་པ་རེད་དམ། དེ་ཡིན་ནགསལ་བསྒྲགས་ནང་་་་་་ ཕྱི་ཟླ་ ༤ཚེས་ ༣ ཉིན་རྒྱུན་ལས་ཚང་འཛོམས་ཀྱིས་ཚོགས་གཙོར་རང་སྐྱོན་ངོས་ལེན་ཞུ་རྒྱུར་གོ་སྐབས་ཇི་ཙམ་ཕུལ་ཀྱང་དོན་ཕན་གང་ཡང་སོང་མེད་པས། རྒྱུན་ལས་མ་ཡིན་པའི་ལས་བྱེད་ཚོར་ཡང་བཅར་འདྲི་བྱེད་དགོས་བྱུང་ཡོད། འོན་ཀྱང་ཁོང་ཚོའི་ཕྱོགས་ནས་ཀྱང་ཁས་ལེན་གང་ཡང་བྱས་མེད་པར་བརྟེན་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད། མཐར་འུ་ཐུག་ཐབས་ཟད་ཀྱིས་ཚོགས་གཙོ་གཙོས་རྒྱུན་ལས་དང་ལས་བྱེད་ཚང་མ་མོས་མཐུན་ཐོག་དངུལ་ཁང་བརྒྱུད་འབྲེལ་ཡོད་ཉེན་རྟོགས་པར་སྙན་གསེང་ཞུ་རྒྱུར་ཐག་གཅོད་བྱུང་ཞེས་འཁོད་འདུག་པས་་་་་་ སྐབས་དེར་ཁྱེད་ཀྱི་དཀའ་ངལ་བུས་གྲོགས་པོ་སྐྱོབ་ཆེད་དུ་རྒྱག་རེས་བརྒྱབ་འདུག དེ་ལ་བརྟེན་བུ་ཚེ་བཙོན་ཆགས་ཀྱི་རེད་ཅེས་མ་བརྗོད་པ་གང་ཡིན་ནམ། ཡང་མོས་་་་ གསར་འགོད་གསལ་བསྒྲགས་མ་དགོས་བྱུང་ན་ཡག་པོ་འདུག་ཞུས་པ་ཡིན། ཕྱི་ལོག་ཏུ་ཁྱབ་བཅུག་མཁན་ང་མིན། གསལ་བསྒྲགས་དེས་ཚོགས་པར་ཕན་གནོད་ག་རེ་བྱུང་ཡང་ང་ལ་འགན་མེད་ཅེས་བརྗོད་འདུག་་་་ སྐད་ཆ་འདིའི་ཐོག་ནས་ཁྱོད་ལ་ཟ་སེམས་ཡོད་པ་ཤེས་ཀྱི་འདུག གལ་སྲིད་ཁྱབ་བསྒྲགས་མ་བྱས་ན་བུད་མེད་ཚོགས་པ་ལྐོག་ཟའི་ཚོགས་པ་ཆགས་པ་རེད། ཁྱེད་རང་འདིའི་ནང་ནག་ཉེས་འཁྱེར་མི་དགོས་མཁན་ཁེ་བཟང་ཅན་ཞིག་རེད། ད་ལྟ་ཁྱབ་བསྒྲགས་བྱས་པ་འདིས་བུད་མེད་ཚོགས་པ་གཙང་མ་ཆགས་པ་རེད་ལ་མ་འོངས་པར་ལས་དོན་བྱེད་ཕྱོགས་ལ་དོ་སྣང་བྱེད་དགོས་པ་ཞིག་ཆགས་པ་རེད། ་་་ཡང་མོས་ལས་ཀ་མང་དྲགས་པ་རེད་ཅེས་བསྐྱར་ལྡབ་བྱས་ཡོད་པར།་་ བུད་མེད་ཚོགས་པ་ལས་མང་བའི་ལས་ཀ་ཡོད་མཁན་བོད་གཞུང་གི་ལས་ཁུངས་ཁག་དང་། གཞུང་འབྲེལ་མ་ཡིན་པའི་ལས་ཁུངས་མང་པོ་ཞིག་བཞུགས་སྒར་རང་དུ་ཡོད་པས། དེ་དག་གིས་ཁྱེད་ཀྱིས་བཤད་པ་ལྟར་ལས་ཀར་ཁག་དཀྲིགས་ནས་ལྐོག་ཟ་བྱས་ན་ང་ཚོའི་སྤྱི་ཚོགས་འདི་ག་བར་སླེབས་སོང་ངམ། ཁྱེད་རང་མདོ་སྨད་མི་མང་གིས་བདམས་པའི་འཐུས་མི་ཡིན་པས་བསམ་བློ་གཏོང་ཐུབ་ཀྱི་རེད་བསམ་གྱི་འདུག