ཏཱ་ལའི་བླ་མས་ཀྲུང་དབྱང་དང་རྒྱ་ནག་མི་དམངས་ལ་དགོངས་དྭངས་ཞུ་དགོས་སམ།
༡ ལོ་རྒྱུས་ཐོག་བོད་མིའི་ཚེ་སྲོག་གིས་རྩ་དོན་གླེང་བ།
གནའ་རྫས་རྟོགས་དཔྱོད་པ་དང་། མིའི་རིགས་ཀྱི་རིག་པ་བ་དང་། ས་ཁམས་ཞིབ་འཇུག་པ་དག་གིས་བསྟན་དོན་ལྟར་ན། བོད་འདི་ནི་གནའ་རབས་གདོད་མའི་མི་རིགས་ཀྱི་གྲས་སུ་གཏོགས་པ་དང་།
དེ་ཡང་རྒྱ་དཀར་ནག་གི་མི་རིགས་དང་འདྲ་པར་མི་རིགས་རང་ཉིད་ལ་ཐུན་མོང་མ་ཡིན་པའི་བཟོ་ལས་ལག་ཤེས་དང་། ཡུལ་སྲོལ་གོམ་གཤིས་སོགས་རང་ཚུགས་ཐུབ་པར་ཡོད་པ་དང་། རྒྱལ་རབས་ལོ་རྒྱུས་སུ་གསལ་པ་ལྟར་ན། བོད་ལ་ཐོག་མཐའ་བར་གསུམ་དུ་བོད་པ་རང་ཉིད་ཀྱི་མངའ་མཛད་དང་དབང་བསྒྱུར་རིམ་བྱུང་གི་ལོ་རྒྱུས་ཡོད་པ་དང་། འཛམ་གླིང་ལོ་རྒྱུས་ནང་རྒྱལ་ཁབ་ཕན་ཚུན་དབང་ཤུགས་དང་། ཐེ་བྱུས་ཀྱི་གནས་ཚུལ་ཡོད་པ་སྤྱི་མཚུངས་བཞིན། སྔོན་སོག་པོའི་སྟོབས་ཤུགས་ཀྱིས་རྒྱ་ནག་གཙོས་པའི་ཨེ་ཤ་ཡའི་ཡུལ་ཁག་མང་ཆེ་བ་དང་། ཡོ་རོབ་ཤར་མའི་ས་ཁུལ་མང་པོར་དབང་བསྒྱུར་བྱེད་སྐབས་དང་། དུས་རབས་བཅོ་བརྒྱད་པར་མན་ཇུའི་གོང་མ་ཚོས་རྒྱ་ནག་གིས་གཙོས་པའི་ཨེ་ཤ་ཡའི་ལུང་པ་ཁག་ལ་དབང་བསྒྱུར་བྱས་པའི་སྐབས་དག་ཏུ། བོད་དང་སོགས་པོ། མིང་། མན་ཇུ་གོང་མ་རིམ་བྱོན་བཅས་ཀྱི་རྒྱལ་པོ་ཕན་ཚུན་དབར་ཆོས་དང་། ཆབ་སྲིད། མི་སྒེར་གྱི་འབྲེལ་ལམ་དང་། དཀའ་རྙོག་འདྲ་མིན་རེ་བྱུང་མྱོང་ཡོད་ནའང་། ཁྲིམས་དོན་གྱི་དངོས་ཡོད་གནས་ཚུལ་ཐོག་བོད་རྒྱལ་ཁབ་འདི་རྒྱབ་ཁབ་གང་གི་ཁྱབ་ཁོངས་སུ་བསྡུས་པའི་གནས་ཚུལ་བྱུང་མྱོང་མེད་། དེ་མིན་རྒྱལ་སྤྱི་ནང་དུ་བོད་ཀྱི་ལོ་རྒྱུས་ཀྱི་དོན་དངོས་ཇི་བཞིན་མ་ཤེས་པ་དང་། ཤེས་བཞིན་ཆབ་སྲིད་ཀྱི་དགོས་མཁོར་དམིགས་པའི་ལོ་རྒྱུས་བཟོ་བྱས་པ་དང་། དོན་དངོས་ལ་འཁྱོར་བཤད་བྱས་པ་དག་ཕུད། དུས་རབས་གོང་མའི་ནང་བོད་རྒྱལ་ཁབ་ཀྱི་སྲིད་སྐྱོང་སྔ་ཕྱི་གཉིས་གཙོས་བོད་ནང་ཁུལ་དུ་དཀའ་རྙོག་དུ་མ་འཕྲད་ནས་སྲིད་གཞུང་བརྟན་ལྷིང་མེད་པའི་གནས་སུ་གྱར། དུས་སྐབས་དེ་དམ་འཛིན་གྱིས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་མངའ་ཁོངས་རྒྱ་བསྐྱེད་དང་། དམག་དོན་རྩ་འཛུགས་དང་། མི་སེར་སྤེལ་བའི་རང་ལུགས་ཀྱི་ཇུས་ངན་འོག ཐོག་མར་ ༡༩༤༩ ལོར་བོད་ལ་བཙན་འཛུལ་བྱས། རིམ་བཞིན་དྲིལ་བསྒྲགས་རྫུན་མ་དང་། མགོ་སྐོར་བསླུ་བྲིད། ཁ་འཇམ་ཁོག་ནག་གི་བྱེད་ཐབས་དང་། དྲག་པོའི་ཐབས་རྩལ་ཟུང་འབྲེལ་བྱས་ཏེ། མཐར་ཕྱི་ལོ་ ༡༩༥༡ ལོར་རྒྱ་དམར་སྲིད་གཞུང་གི་རྒྱལ་ས་པེ་ཅིན་ནས་ “གྲོས་མཐུན་དོན་ཚན་བཅུ་བདུན།”ཟེར་བར་དྲག་པོ་དམག་གི་སྡིག་རའི་འོག ཐ་ན་བོད་གཞུང་གི་ལས་ཐམ་ཡན་རྫུན་བཟོ་བྱས་ནས་བོད་ཀྱི་སྐུ་ཚབ་དག་ལ་ཁས་ལེན་མིང་རྟགས་བཀོད་བཅུག་སྟེ། བོད་ཀྱི་བདག་དབང་བཙན་ཕྲོག་བྱས་པ་རེད། དེ་ནས་བཟུང་ཆེས་མངོན་པར་མཐོ་བའི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸རྒྱལ་བ་རིན་པོ་ཆེ་མཆོག་དང་། ཆོས་རྒྱུད་ཁག་གི་བླ་ཆེན་ཁག གནད་ཡོད་མི་སྣ་དག་རྒྱ་ནག་དམར་ཚོགས་པ་དང་། དེའི་སྲིད་གཞུང་གི་ “རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན།”ཟེར་བར་ཚོགས་ཞུགས་མི་བྱེད་ཐབས་མེད་ཆགས་པའི་ལོ་རྒྱུས་ཀྱི་དབུ་འཁྱུད་ནག་པོ་ཞིག་གི་འགོ་བརྩམས་པ་ནས། དུས་རབས་ཕྱེད་ལྷག་གི་རིང་ལ་བོད་ཀྱི་དཔོན་པོ་བླ་སྤྲུལ་དང་། འབངས་མི་སེར་དང་བཅས་པ་མི་འདོད་བཞིན་དུ་དམར་ཤོག་སྲིད་གཞུང་གི་མནར་གཅོད་གཏོང་ཡུལ་དང་། མི་སེར་སྤེལ་ཡུལ་དང་། གཉའ་གནོན་དང་བཤུ་གཞོག་གཏོང་ཡུལ་དུ་གྱུར་པ་རེད། རྒྱ་དམར་སྲིད་གཞུང་གིས་བོད་རྒྱལ་ཁབ་མི་རིགས་དང་བཅས་པ་རྩ་མེད་དུ་གཏོང་བའི་གཏིང་ནག་གི་སྲིད་ཇུས་འོག དང་པོ་དམངས་གཙོ་བཅོས་བསྒྱུར་དང་། རིག་གནས་གསར་བརྗེ་ཟེར་བའི་བྱ་འགུལ་སྤེལ་བ་དང་། ཕྱིས་སུ་ནུབ་རྒྱུན་ཐོན་འབྱེད་ཆེན་མོ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་སོགས་བྱེད་སྒོ་སྣ་ཚོགས་པ་བརྩམས་ནས། ཞི་བ་དང་དྲག་པོ། མངོན་སུམ་དང་ལྐོག་གྱུར་ཇི་རིགས་པའི་བྱེད་ཐབས་འོག བོད་ཀྱི་ཆོས་རིག་གི་བསྟི་གནས་དགོན་སྡེ་ཁག་གི་རྟེན་བརྟེན་པ་བཅས་པ་མེར་བསྲེགས། ཆུར་བསྐྱུར། ལུད་བཟོས་པ་སོགས་ཀྱི་ལམ་ནས་གཏོར་བཤིག་གིས་ཐལ་བའི་རྡུལ་དུ་བརླགས་པ་དང་། བོད་མིའི་མགོའི་སྐྲ་བཞར། ལུས་ཀྱི་གོས་བསྒྱུར། ཕྱག་སྐོར་མཆོད་འབུལ་གྱི་རྒྱུན་བཅད། བཙུན་པ་སྐྱ་སར་ཕབ་པ་སོགས་བོད་ཀྱི་ཐུན་མིན་ཡུལ་སྲོལ་གོམ་གཤིས་བསྒྱུར། རྩ་ཆེ་བའི་རྒྱུ་དངོས་རྣམས་རྐུ་བཅོམ་འཕྲོག་གསུམ་བྱས། ཞིང་པའི་ས་ཞིང་དང་འབྲོག་པའི་སྒོ་ཟོག ཁ་ཟས་རྩམ་པ། ཐ་ན་བསང་ཁུག་ནང་གི་བསང་རྩམ་ཡན་འཕྲོག་བཅོམ་བྱས་ནས་བོད་མི་རྣམས་དབུལ་ཕོང་གི་གནས་སུ་བསྐྱལ་ནས་བོད་ཀྱི་ལོ་རྒྱུས་ནང་མུ་གེའི་བསྐལ་བ་ཐོག་མ་བྱུང་བ་རེད། རྒྱ་དམར་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱི་སྒོ་ནས། བོད་ཀྱི་མི་གྲགས་བླ་གྲགས་ཀྱིས་གཙོས་པའི་བོད་མི་རྣམས་བྲན་དུ་བཀོལ། དམག་རྩལ་སྦྱོང་ས་དང་། ངལ་རྩོལ་བྱེད་མཁན་སོགས་ཀྱི་སྡུག་སྤྱོང་མནར་གཅོད་བཏང་བས་མ་ཚད། བཙོན་དུ་བཅུག་པ་དང་། སྲོག་ཐོག་ཏུ་བཏང་བ་དང་། ཐ་ན་བོད་མིའི་ལུས་ཀྱི་ཁྲག་ཀྱང་བཙགས་ནས་རྒྱ་དམག་གི་ལུས་ཟུང་བསྐྱེད་པར་བྱས་པ་རེད། འདི་ལྟར་རྒྱ་གཞུང་གིས་བོད་མིར་མནར་གཅོད་བཏང་བའི་དཀའ་སྡུག་གི་གནས་བབ་དང་། ཚོར་བ་ཇི་བཞིན་བརྗོད་པའི་ཡུལ་དང་བྲལ་བས་དམྱལ་བ་མི་ཡུལ་དུ་སླེབས་པའི་དུས་སྐབས་ཅེས་གྲགས་པ་ཞིག་བཟོས་པ་དང་། དེ་བཞིན་བོད་ཀྱི་ས་ཐོག་གི་རྩི་ཤིང་ནགས་ཚལ་བཅད། ས་འོག་གི་གཏེར་ཁ་བསྔོགས། གཙང་པོ་ཁ་བསྒྱུར། རི་བོ་ཕུག རྡུལ་ཕྲན་མཚོན་རྫས་ཀྱི་གད་སྙིགས་ཀྱི་རྫོང་བྱས། རི་སྐྱེས་སྲོག་ཆགས་དང་། བྱ་དང་བྱེའུ་ཚུན་བསད་བཟུང་གིས་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་བྱས་པ་ཡང་འཇིག་རྟེན་མིའི་བསམ་ཡུལ་འདས་པ་ཞིག་བཏང་དང་གཏོང་བཞིན་པའི་ཟུར་དུ། འཛམ་གླིང་གི་མི་མང་མགོ་སྐོར་གཏོང་ཐབས་སུ་རྒྱ་མི་སེར་བོད་ལ་སྤོ་བཞུད་དང་། རྒྱ་མི་གཞིས་ཆགས་པ་དག་གི་མི་ཚེའི་མདུན་ལམ་ལ་དམིགས་པའི་གྲོང་ཁྱེར་གསར་རྒྱག་དང་། ལྷག་ཏུ་རྒྱ་ནག་གི་དམིགས་འབེན་དུ་ཡོད་པའི་བོད་དང་རྒྱ་གར་གྱི་མཐའ་མཚམས་བར་རླང་འཁོར་གཞུང་ལམ་དང་མེ་འཁོར་ལྕགས་ལམ་གསར་བསྐྲུན་གྱིས་བོད་ཀྱི་མཐའ་མཚམས་བར་དྲག་ཆས་གོ་མཚོན་དང་དམག་མི་ཕོན་ཆེ་དབོར་འདྲེན། བོད་ཀྱི་རང་བྱུང་ཐོན་ཁུངས་རྣམས་རྒྱ་ཡུལ་དུ་འཁྱེར་གང་ཐུབ་བཅས་བྱེད་བཞིན་པ་དེ་ལྟར་ཡང་། ད་དུང་རྒྱ་གཞུང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལྗོངས་མི་དམངས་ལ་མཛའ་གཅུགས་ཀྱི་སེམས་པ་དང་། ལྷག་བསམ་རྣམ་དག་དང་། བློ་རྩ་བརྩ་བརྟན་པོ་དང་། གནད་ལ་འཕིགས་པའི་སྒོ་ནས་སྡུག་བསྔལ་ལས་བཅིངས་བཀྲོལ་བཏང་བ་དང་། དམངས་གཙོ་དར་བ། འབྱོར་ཕྱུག་ལྡན་པ། དཔལ་ཡོན་རྒྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱས་པ་དང་། བོད་ལྗོངས་མི་མང་བདེ་སྐྱིད་ཀྱི་ལམ་དུ་བསྐྱལ་བ་ཞིག་ཡིན་ཟེར་ཀྱི་ཡོད་པ་རེད། དམིགས་ཡུལ་དང་བྱེད་སྟངས་འདི་ལྟ་བུའི་འོག་ཕྱི་ལོ་ ༡༩༤༩ ལོ་རྒྱ་དམར་སྲིད་གཞུང་གིས་བོད་ལ་བཙན་འཛུལ་འགོ་བཙུགས་པ་ནས་ད་ལྟའི་བར། མདོ་ཁམས་ཁུལ་གྱི་བོད་ཀྱི་ཡུལ་དམག་དང་མི་སེར་རྣམས་གྱིས་རང་གི་བུ་དང་ཆུང་མ། རྒྱུ་དང་འབྱོར་བ། ཐ་ན་ཚེ་སྲོག་ཀྱང་ཕངས་མེད་དུ་བཏང་ནས་བོད་རྒྱལ་ཁབ་གྱི་བསྟན་སྲིད་སྲུང་སྐྱོབ་བམ། རང་ས་རང་སྲུང་གི་ཆེད་དུ་ཕོ་ཟད་མོ་ལ་ཐུག་པ་དང་། མདའ་ཟད་འཕང་ལ་ཐུག་པའི་དཀའ་ངལ་བརྒྱབ་ཡོད་པ་ནི་ཧ་ཅང་ཅང་། དེའི་སྔོན་གྱི་རྒྱ་ནག་གོ་མིན་ཏང་གི་སྐབས་ནས་ཀྱང་གཅེས་པའི་ཚེ་སྲོག་བོད་རྒྱབ་ཁབ་ཀྱི་ཆེད་དུ་བཏང་བའི་བོད་ཀྱི་དཔའ་བོ་དཔའ་མོ་གང་ཡོད་པ་དག་ཀྱང་ངས་འདི་ནས་དྲན་གསོ་ཞུ་འདོད་བྱུང་། གང་ཡིན་ཟེར་ན། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་མི་སུ་ཞིག་གིས་ཀྱང་། རྣམ་པ་ག་འདྲ་ཞིག་གི་སྒོ་ནས་ཚེ་སྲོག་དོར་ནའང་། དེ་ལ་རིན་ཐང་ཆེ་ཆུང་གི་ཁྱད་པར་གཏན་ནས་བྱེད་མི་འོས་པ་ཡིན། ཚེ་སྲོག་རྒྱལ་ཁབ་ལ་ཕུལ་བའི་མི་དག་ནི། ཟ་སྐྱིད་འཐུང་སྐྱིད་དང་། དགའ་སྤྲོའི་གླུ་གར་ལ་རོལ་བའི་སྐབས་ཀྱི་རྒྱལ་ཁབ་གླེང་མཁན་གྱི་དཔའ་བོར་རློམ་པའམ་འཐབ་རྩོད་པར་རློམ་པ་ང་ཚོ་དང་གཏན་ནས་མི་འདྲ་ལ། དགྲ་བོ་མ་མཐོང་བའི་སྡར་མ་ཝ་བྲོས་བྱས་ནས་རྒྱལ་ཁབ་རྩོད་ལེན་བྱས་པའི་གཏམ་རྒྱུད་ཀྱང་མིན་པས་སོ། །དེར་བརྟེན་ང་ཚོས་འཐབ་རྩོད་པ་ཞིག་གི་མིང་བྱང་ཁུར་ནས་ཅི་ཞིག་ལ་འཐབ་རྩོད་བྱེད་ཀྱི་ཡོད་པའི་གནད་འགག་གི་འབྱུང་ཁུངས་ངོ་མ་ནི་གོང་དུ་འཁོད་པའི་ལོ་རྒྱུས་ཀྱི་དོན་དངོས་དེ་ལ་འཛིན་དགོས་པས། ངས་བོད་མིའི་ཚེས་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས་ཤིག་བརྗོད་སྐབས་བདེན་དོན་ལོ་རྒྱུས་ཀྱི་གནས་ཚུལ་འདི་དག་ཀྱང་མི་གླེང་འཐུ་མེད་རེད། ང་ཚོས་འདས་ཟིན་པའི་ལོ་རྒྱུས་ཀྱིས་ད་ལྟའི་ཚབ་མི་བྱེད་པའི་བསམ་བློ་ཞིག་ཁུར་ནས་བོད་ཀྱི་བདེན་དོན་དངོས་བྱུང་གི་རྒྱལ་རབས་ལོ་རྒྱུས་རྣམས་ལ་ཁ་དྲག་ཏུ་མི་འཇུག་པར། ཁོག་ཏུ་སྦས་པའམ་བཙོན་དུ་བཅུག་པ་ལྟར་བཞག་པ་ཡིན་ན། ལོ་རྒྱུས་ལ་འཁྱོག་བཤད་བྱས་ནས་ཁྲིམས་དོན་གྱི་ལག་ཆ་འཚོལ་མཁན་དང་། ཧམ་པ་རི་བཞིན་བཤད་ན་བདེན་པ་གཡག་ཙམ་ཐོབ་པར་འདོད་པ་དག་ལ་བདེན་ཁ་རྫུན་མ་རེ་ཡང་སྤྲོད་མི་སྲིད་པ་ག་ལ་ཡིན། དེ་བས་ང་ཚོས་ནམ་ཡང་བདེན་པ་རྩོད་ཀྱི་ཡོད་ན། བདེན་པ་གླེང་མི་ཕོད་པ་དང་། བདེན་པ་བསྒྲགས་མི་ཕོད་པ་དང་། རྫུན་མ་ལ་བདེན་པའི་ར་སྤྲོད་བྱེད་མི་འོས་པ་དང་། མི་ཕོད་པའི་རྒྱུ་མཚན་མེད་ལ། ལོ་རྒྱུས་ཀྱི་བདེན་པ་གླེང་མི་དགོས་པ་གནད་དུ་འཛིན་དགོས་པའི་རྒྱུ་མཚན་ཡང་དེ་ལས་མ་མཐོང་བས། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་བདེན་དོན་རང་གཞན་ཚང་མར་ར་སྤྲོད་བྱེད་དགོས་པ་དང་། བདེན་དོན་གྱིས་རྫུན་པར་རྒོལ་བར་བྱེད་པ་ཡང་གནད་དོན་གལ་ཆེན་དུ་མཐོང་ངོ། །
{མུ་འགོད།}