ལྟོས་ས་ལྟོས་འཇོག་གི་སྒོར་འབུམ་གཉིས་དེ་ཉུང་ཉུང་རེད་ཟེར་ཆོག
བུད་མེད་ཚོགས་པའི་སྒོར་འབུམ་གཉིས་དང་འབྲེལ་ནས་སྤྱི་ཚོགས་སུ་ལྐོག་ཟའི་ཐད་ལ་གླེང་སློང་ཤུགས་ཆེར་འགྲོ་བཞིན་འདུག་ལ། ད་དུང་ཡོངས་གླིང་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བྱས་པའི་སྐོར་དེའང་ཞར་དང་ཞོར་ལ་ཡོང་བཞིན་འདུག མི་ལ་ལས་སྒོར་འབུམ་གཉིས་དེ་འབོར་ཆེན་ཞིག་མ་རེད་ཅེས་བརྗོད་ཀྱི་འདུག་པ་དེ། ངས་བསམ་བློ་གཅིག་གཏོང་དུས་དངོས་གནས་རྒྱུ་མཚན་འདུག་བསམ་སོང་། གང་ཡིན་ཟེར་ན། ལོ་གཅིག་ཙམ་གྱི་སྔོན་དུ་ནོར་གླིང་དུ་ཧིན་སྒོར་འབུམ་བརྒྱ་ཕྲག་གི་ལྐོག་ཟའི་སྐོར་གྱི་གླེང་སློང་ཆེན་པོ་ཞིག ནོར་གླིང་ཚེམས་བཟོ་ཁང་དང་ཤིང་བཟོ་ཁང་། ལྕགས་བཟོ་ཁང་གི་ངལ་རྩོལ་བ་ཚོའི་ཁ་ནས་རླུང་ལྟར་གྲགས་སོང། དེའི་བརྒྱུད་རིམ་དེའང་ནོར་གླིང་ཟ་ཁང་གི་འགན་འཛིན་བུ་ཞིག་གི་དགའ་རོགས་དང་ལས་ཀྱི་སྣེ་མོ་བ་གཉིས་ཁ་རྩོད་ཤོར་ཡོད་པ་དང་།
དེ་ནས་རིམ་གྱིས་སྒོར་འབུམ་བརྒྱ་ཕྲག་གི་གནད་དོན་བྱུང་ཚུལ་འདུག་པ་དང་། དེ་དང་འབྲེལ་བའི་ཚོགས་འདུའི་སྐབས་བཀའ་ཟུར་ག་གེ་མོས་གནད་དོན་ཕྱི་ཕྱོགས་སུ་གླེང་སློང་མི་ཆོག་ཞེས་བརྗོད་འདུག ནོར་གླིང་མི་མང་དང་འབྲེལ་ཡོད་ཚོའི་ཤ་དང་ཁྲག་ལས་གྲུབ་པའི་དངུལ་འབོར་ཤོར་བ་བདེན་པ་ཡིན་ན་ད་ནི་ལངས་པའི་དུས་རེད། བུད་མེད་ཚོགས་པའི་རྒྱུན་ལས་བུད་མེད་དེ་ཚོས་ཞིབ་འཇུག་དེ་འདྲ་བྱས་ཐུབ་སར་ནོར་གླིང་མི་མང་གིས་ཞིབ་འཇུག་བྱེད་མི་ཐུབ་པའི་གནད་དོན་གང་ཡང་མེད། སྔོན་དུས་སྐུ་སྒེར་ཡིག་ཚང་ནང་ལས་ཤོག་རྫུན་བཟོ་དང་དངུལ་ལྐོག་ཟ་བྱས་པའི་རིགས་གཉིས་གསར་ལམ་ཁག་ཏུ་ཁྱབ་བསྒྲགས་བྱས་པ་དང་། བླ་བྲང་སྐལ་བཟང་ཟེར་བས་རྒྱལ་ཡོངས་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་དངུལ་ལྐོག་ཟ་བྱས་པའི་སྐོར་ཡང་གསལ་པོ་ཆགས་པ་རེད། འདི་དང་འདི་འདྲ་བ་མང་པོ་ཞིག་གསལ་པོ་ཆགས་ཡོད་པས་ཚང་མས་དོ་སྣང་བྱེད་དགོས། རྒྱ་གར་གྱི་འཐབ་རྩོད་པ་ཨ་ན་ཧར་རྫ་རིས་ཀྱིས་ད་ལྟའི་སྐབས་ལྐོག་ཟ་རུལ་སུངས་བ་ཕྱིར་སྐྲོད་ཀྱི་ལས་འགུལ་སྤེལ་བ་དང་ལྷན་དུ། རྒྱ་གར་གྱི་གྲོས་ཚོགས་ལ་ཁྲིམས་གཞི་གསར་པའི་དགོས་འདུན་འདོན་བཞིན་ཡོད་ལ། དཀྱིལ་ཤར་རྒྱལ་ཁབ་ཁག་ཏུ་དབང་ཆ་གཅིག་བསྡུས་རིང་ལུགས་དང་ལྐོག་ཟའི་གོ་སྐབས་ཅན་མེད་པ་བཟོ་བའི་ལས་འགུལ་འགྲོ་བཞིན་ཡོད། དེ་བཞིན་རྒྱ་ནག་གི་དཔོན་རིགས་མང་པོ་ཞིག་ལའང་ལྐོག་ཟ་གྱི་ནག་ཉེས་བཙུགས་བཞིན་ཡོད། ༧གོང་ས་མཆོག་གིས་རྒྱ་གར་གྱི་མི་མང་ལ་ལྐོག་ཟ་རུལ་སུངས་ནི་འཚེ་བའི་ལས་རེད་ཅེས་ཐེངས་མང་གསུངས་མྱོང་ཡོད་པས། ཁ་ལ་འཚེ་་མེད་ཅེས་བརྗོད་མཁན་བོད་མི་ཚོས་དོན་དུ་འཚེ་བའི་ལས་སྤེལ་མཁན་ཚོ་སྦས་ཐབས་བྱས་པ་དེ་ནི་དོན་དུ་རྨ་དང་བཅར་རྡུང་མེད་པའི་འཚེ་ལས་སྤེལ་མཁན་ཆགས་པ་རེད།