ཁམས་དཀར་མཛེས་ཀྱི་སློབ་གྲྭ་ཞིག་སྒོ་བརྒྱབ་སྟེ་དགེ་རྒན་འཇུ་བཟུང་།

yama tseringཟླ་འདིའི་ཚེས་༡༧ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསར་ལྟར་ན། ཁམས་དཀར་མཛེས་རོང་པ་ཚ་ནས་སྒེར་གཉེར་སློབ་གྲྭ་ཞིག་སྒོ་བརྒྱབ་པ་དང་དགེ་རྒན་གཉིས་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་འདུག

དེ་ཡང་རྒྱ་གར་ལྷོ་ཕྱོགས་ནས་གྲྭ་འགྱུར་མེད་དབང་རྒྱལ་ལགས་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་༢ ཉིན་ཁམས་དཀར་མཛེས་རོང་པ་ཚ། “མཁའ་འབྲོག་བྱམས་བརྩེ་རོགས་བརྟེན་སློབ་གྲྭ་” དེའི་འཛིན་སྐྱོང་པ་དང་། དགེ་རྒན་གཅིག་ལྕོགས་རང་ལོ་ ༥༡ ཡིན་པའི་རྒན་སྙན་གྲགས་ལགས་དང་། རང་ལོ་ ༣༦ ཡིན་པའི་དགེ་རྒན་ཡ་མ་ཚེ་རིང་གཉིས་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་དང། སློབ་གྲྭར་སློབ་ཁྲིད་སོགས་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག མཁའ་འབྲོག་བྱམས་བརྩེ་རོགས་བརྟེན་སློབ་གྲྭ་ནི་ཕྱི་ལོ་ ༡༩༨༩ ལོར་མཁའ་འབྲོག་གྲོང་པའི་མི་མང་གི་རེ་འདུན་ལྟར་ས་གནས་སྲིད་གཞུང་གི་མཆོག་ཆན་འོག་གསར་འཛུགས་བྱས་པ་དང་། དགེ་རྒན་སྙན་གྲགས་ཀྱིས་གཟིགས་སྐྱོང་འོག་ད་ལྟའི་བར་དུ་ལོ་ངོ་བཅུ་ཕྲག་གཉིས་ལྷག་གི་རིང་ལ། སློབ་ཕྲུག་མི་ཉུང་བ་ཞིག་ལ་བོད་ཡིག་འབྲི་ཀློག་སོགས་བསླབ་ནས་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད་འདུག་པས། དེང་སྐབས་བཙན་བྱོལ་ནང་གི་གདན་ས་སོགས་ཤེས་ཡོན་གྱི་བསྟི་གནས་ཁག་དུ་ཡང་སློབ་གྲྭ་འདིའི་སློབ་ཟུར་མི་ཉུང་བ་ཡོད་པ་རེད་འདུག

yama tsering

ཕྱི་ལོ་༢༠༠༥ ལོར་རྒན་ཡ་མ་ཚེ་རིང་ལགས་ཀྱིས་གླ་ཕོགས་སོགས་གང་ཡང་མེད་ཀྱང་སློབ་གྲྭ་དེའི་འགན་འཛིན་དང་དབྱིན་ཡིག་དགེ་རྒན་གྱི་འགན་ཁུར་བ་མ་ཟད། ཁྲིམས་མཐུན་ཐོག་ཕྱི་རྒྱལ་བ་འགའ་ཞིག་ལ་རོགས་རམ་ཞུས་ཏེ་སློབ་གྲྭའི་འཛིན་ཁང་དང་ཉལ་ཁང་། ལས་ཤག་སོགས་གསར་རྒྱག་བྱས། སློབ་ཕྲུག་རྣམས་ལ་ཟས་གོས་དང་འབྲི་དེབ་སོགས་མཐུན་རྐྱེན་གང་ཐུབ་སྦྱར་ནས་སློབ་གྲྭ་རྒྱ་བསྐྱེད་བྱས་ཡོད་འདུག་ལ། སློབ་གྲྭའི་དགེ་རྒན་ཡང་རང་གི་ངོ་ཤེས་པ་བརྒྱུད་ཨ་མདོ་དང་གསེར་རྟ་སོགས་ནས་ཕེབས་པའི་ཤེས་ཡོན་དང་ལྷག་བསམ་གྱིས་ཕྱུག་པའི་དང་བླངས་བ་སྐྱ་སེར་བདུན་གྱིས་སློབ་ཁྲིད་བྱེད་ཀྱི་ཡོད་འདུག
དགེ་རྒན་ཡ་མ་ཚེ་རིང་ལགས་ནི་རང་ལོ་༣༦ ཡིན་པ་དང་། སྔར་རྒྱ་གར་དུ་སེར་བྱེས་མཁས་སྙན་གྲྭ་ཚང་ནས་ལོ་ལྔ་ཙམ་ལ་ནང་ཆོས་སློབ་སྦྱོང་བྱེད་མྱོང་བ་མ་ཟད། སུ་ཇ་བོད་ཁྱིམ་སློབ་གྲྭ་ནས་དབྱིན་ཇིའི་སྐད་ཡིག་འཛིན་གྲཱའི་སློབ་མཐར་ཕྱིན་ནས་ཕྱིར་བོད་དུ་ལོག་པ་ཞིག་རེད་འདུག
ཟླ་འདིའི་ཚེས་༢ ཉིན་ཁོང་གཉིས་སྲིད་དོན་གྱི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་ནའང་། དོན་དངོས་ཐོག་ཁོང་གཉིས་ཀྱི་ནག་ཉེས་ནི་བོད་མི་རིགས་ཀྱི་སྐད་ཡིག་སློབ་པ་དང་བོད་སྐད་གཙང་མ་བཤད་བཅུག་པས་རེད་ཅེས་ས་གནས་ཡུལ་མི་ཚོས་འདིར་འགྲེལ་བརྗོད་བྱས་བྱུང་། རྒྱུ་མཚན་ནི་ས་གནས་ཉེན་རྟོག་པས་ཁོང་གཉིས་ཀྱི་ནང་མི་ལ་དྲི་གཅོད་ནན་མོ་བྱས་པ་མ་ཟད། མཁའ་འབྲོག་མི་མང་ལ་སློབ་གྲྭ་དེ་སྒོ་རྒྱག་དགོས་པ་དང་ཕྲུ་གུ་ལོ་བདུན་ཡན་སློབ་གྲྭ་གཏོང་ཚེ་ཤང་སྲིད་གཞུང་གི་སློབ་གྲྭར་གཏོང་དགོས་པའི་བཀའ་རྒྱ་བཏང་འདུག
ད་ལྟའི་ཆར་ཁོང་གཉིས་ཀྱི་གཟུགས་པོའི་གནས་སྟངས་དང་ས་གནས་གང་དུ་བཀག་ཉར་བྱས་པ་སོགས་གསལ་ཁ་མེད་ཀྱང་། འབྲེལ་ཡོད་ནང་མིས་དཀར་མཛེས་རྫོང་ཐོག་གི་བཙོན་ཁང་ཞིག་ཏུ་བཅར་ནས་ཁོང་གཉིས་བཀག་ཉར་བྱེད་དགོས་དོན་དང་། གང་དུ་བཀག་ཉར་བྱས་ཡོད་མེད། ཟས་གོས་སོགས་སྤྲོད་ཆོག་མིན་དྲིས་འདུག་ཀྱང་ཁོང་གཉིས་ལ་ཆབ་སྲིད་ཀྱི་ནག་ཉེས་ཡོད་ཚུལ་བརྗོད་པ་ཙམ་ལས་གཞན་ལན་འདེབས་གང་ཡང་བྱས་མི་འདུག་ཅེས་འགྲེལ་བརྗོད་གནང་སོང་།།
མེ་སོར་གསར་འགོད་པས།