དེ་རིང་ང་ལོ་དགུར་སོན་པའི་སྐྱེས་སྐར་རེད།
བདུན་རེའི་གསར་ཤོག་བོད་ཀྱི་བང་ཆེན་ཀློག་མཁན་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་དང། དེ་རིང་ནི་བོད་ཀྱི་བང་ཆེན་གསར་ཤོག་འཇིག་རྟེན་འདིར་སླེབས་ནས་མི་ལོ་ཧྲིལ་པོ་༩ འཁོར་བ་རེད། ཕྱི་ལོ་༢༠༠༣ ལོའི་ཕྱི་ཟླ་༤ ཚེས་༡༨ རེས་གཟའ་པ་སངས་ཉིན་ཐོག་མར་བཏོན་པ་དང། དེ་ནས་ལོ་གཉིས་རིང་མུ་མཐུད་ཟླ་ཕྱེད་ཀྱི་གསར་ཤོག་གི་ངོ་བོར་གནས་ཡོད།
ཕྱི་ལོ་༢༠༠༥ ལོར་ཉིན་བཅུའི་གསར་ཤོག་ཅིག་ཏུ་བསྒྱུར་བ་དང། དེ་ནས་ལོ་གཉིས་ཀྱི་རྗེས་ཕྱི་ལོ་༢༠༠༧ ལོའི་ངའི་སྐྱེས་སྐར་དང་སྟབས་བསྟུན་ནས་བདུན་རེའི་གསར་ཤོག་ཅིག་ཏུ་བསྒྱུར་བ་རེད། བཙན་བྱོལ་ནང་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་གི་མིང་བྱང་ཐོག་མར་རག་པ་ནས་བཟུང་ད་བར་མི་ལོ་ལྔ་ཧྲིལ་པོ་ཟིན་སོང།
འདས་པའི་ལོ་དེ་དག་གི་རིང་དུ་བར་མཚམས་གཏན་ནས་ཆད་མྱོང་མེད་ལ། སྐབས་རེ་ནོར་བ་དང་མ་འགྲིག་པའི་ཆ་ཡང་མང་པོ་རང་བཞིན་གྱིས་ཡོང་གི་ཡོད་ཀྱང། ད་བར་མི་ལོ་དགུར་གནས་ཐུབ་པ་འདི་ཡང་རྒྱ་ཆེའི་ཀློག་མཁན་རྣམས་ཀྱིས་རྒྱབ་སྐྱོར་དང་གདེང་འཇོག རེ་བ། རྩོམ་སྒྲིག་པ་དང་། དབུས་དང་ས་གནས་ཀྱི་གསར་འགོད་པ་རྣམས་ཀྱིས་འབད་བརྩོན་ལྷོད་མེད་གནང་བ། ཕྱི་ནང་གི་མི་རིགས་གང་མང་ཞིག་ནས་དཔལ་འབྱོར་གྱི་མཐུན་འགྱུར་གནང་བ་སོགས་ལ་བརྟེན་ནས་བྱུང་ཡོད་པ་རེད། དེར་བརྟེན་དེ་རིང་གི་གོ་སྐབས་འདི་ནི་ང་ལ་མཚོན་ན་དམིགས་བསལ་གྱི་ཉིན་མོ་ཞིག་ཡིན་པ་དང། ཀྱག་ཀྱོག་གི་ལམ་བུ་མང་པོ་ཨུ་ཚུགས་ཀྱིས་བརྒྱུད་ནས་ལོ་དགུར་སོན་པ་རེད།
ཕྱི་ལོ་༢༠༠༧ ལོར་བདུན་རེའི་གསར་ཤོག་ཏུ་བསྒྱུར་བ་དང་སྟབས་བསྟུན་ནས་དྷ་རམ་ས་ལ་དང། རྒྱ་གར་ལྷོ་ཕྱོགས། བལ་ཡུལ་གྱི་རྒྱལ་ས་བཅས་སུ་དུས་གཅིག་ཏུ་པར་སྐྲུན་འགྲེམས་སྤེལ་བྱས་པ་རེད་དེ། སྟབས་མ་ལེགས་པ་ཞིག་ལ་ཕྱི་ལོ་༢༠༠༩ ལོའི་ཕྱི་ཟླ་༣ པའི་ཚེས་༥ ཉིན་བལ་ཡུལ་གྱི་གསར་འགོད་པ་འཛིན་བཟུང་དང། བལ་སྒོར་དྲུག་འབུམ་ལྔ་ཁྲི་བལ་པོའི་ཉེན་རྟོག་པས་བཙན་འཕྲོག་གིས་འདོན་མཚམས་འཇོག་དགོས་བྱུང་སོང།
སླར་ཡང་ཐབས་ཤེས་སྣ་མང་བརྒྱུད་ཧི་མ་ལ་ཡའི་བང་ཆེན་ཞེས་པའི་བདུན་རེས་གསར་ཤོག་ཅིག་བལ་ཡུལ་གཞུང་ལ་དེབ་སྐྱེལ་གྱིས་ཕྱི་ལོ་༢༠༡༡ ལོར་གསར་འདོན་བྱས་ཀྱང། ལོ་གཅིག་ཙམ་ལས་འདོན་མ་ཐུབ་པར་ཉེན་རྟོག་པས་གནོན་ཤུགས་འོག་སླར་ཡང་འདོན་མཚམས་འཇོག་དགོས་བྱུང་སོང་བ་ནི། འདས་པའི་ལོ་དགུའི་རིང་གི་ཉམས་ཉེས་ཆེ་ཤོས་སུ་གྱུར་སོང། འོན་ཀྱང་རྒྱ་གཞུང་གི་ཁ་ལོ་གང་བསྒྱུར་ཆགས་ཟིན་པའི་བལ་གཞུང་གི་སྟངས་འཛིན་འོག་ཏུ་འཁང་ར་ཙམ་བྱེད་པ་ལས་ཐབས་ཤེས་གཞན་གང་ཡང་མི་འདུག
བལ་ཡུལ་དུ་དཀའ་ངལ་འཕྲད་པ་ལས་གཞན་ས་གནས་ཚང་མར་སྔར་ལྷག་ཡར་རྒྱས་ངང་འགྲེམས་སྤེལ་བྱེད་མུས་སུ་ཡོད། ང་འཚར་ལོང་བྱུང་བའི་བརྒྱུད་རིམ་ནང། བོད་ཀྱི་བང་ཆེན་ཞེས་བོད་ཡིག་དང་དབྱིན་ཇི་རྒྱ་ཡིག་བཅས་སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ་འདི་ཡང་བྱུང་བ་རེད་ལ། ད་བར་ཀློག་མཁན་ཡང་ཧ་ཅང་མང་པོ་བྱུང་དང་ཡོང་བཞིན་འདུག ད་ལྟ་ཆ་འཕྲིན་གྱི་དུས་རབས་ཤིག་ཏུ་གྱུར་ཟིན་པས། མ་འོངས་པར་འདི་ལ་བརྟེན་ནས་སྤྱི་ཚོགས་ལ་ཞབས་ཕྱི་མི་དམན་ཙམ་ཞུ་ཐུབ་པའི་རེ་བ་བཅངས་ཡོད་ལ། ད་དུང་ཡར་རྒྱས་དང་ཚགས་ཚུད་དུ་གཏོང་ཐུབ་པར་འབད་བརྩོན་བྱེད་ངེས་ཡིན། མ་འོངས་པར་མུ་མཐུད་དུ་བདུན་རེའི་གསར་ཤོག་བོད་ཀྱི་བང་ཆེན་ཀློག་མཁན་རྣམས་མི་བརྗེད་པར་དུས་ཐོག་ཡོང་ངེས་ཡིན་པ་དང། ཀློག་མཁན་རྣམས་ཀྱིས་ཀྱང་ང་མ་བརྗེད་པར་བདུན་ཕྲག་རེ་རེ་བཞིན་མུ་མཐུད་མཇལ་ཐུབ་པའི་རེ་སྨོན་བཟང་པོ་ཞུ་བ་དང་བཅས།
བོད་ཀྱི་བང་ཆེན་ལོ་དགུ་རུ་སོན་པའི་སྐྱེས་སྐར་ཉིན་རྩོམ་སྒྲིག་ཁང་ནས་༢༠༡༢ ལོའི་ཕྱི་ཟླ་༤ ཚེས་༡༨ ཉིན་ཕུལ།