དཀར་མཛེས་ཁུལ་ཟླ་ཐལ་མའི་བོད་མི་འཛིན་བཟུང་།
ཟླ་འདིའི་ཚེས་༡༤ ཉིན་ཁམས་དཀར་མཛེས་ཁུལ། ཟླ་ཐལ་མའི་ནང་བོད་མི་ཉིས་བརྒྱ་ལྔ་བཅུ་འཛིན་བཟུང་བཀག་ཉར་བྱས་པ་དང་མི་གྲངས་༡༠ སྐོར་ཞིག་ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཡོད་ཐོན་འདུག
དེ་ཡང་རྒྱ་གར་ལྷོ་ཕྱོགས་ནས་གྲྭ་ཐུབ་བསྟན་ཆོས་འཕེལ་གྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་ ༡༤ ཉིན་བོད་མདོ་ཁམས་དཀར་མཛེས། ཟླ་ཐལ་མ་འབྲོག་སྡེའི་ས་གནས་བཀྲ་ལེགས་ཡུལ་ཚོ་རུ་དཀར་མཛེས་རྫོང་གི་གཉེན་རྟོག་པའི་མགོ་གཙོ་དང་། གཞན་རྒྱ་ནག་དྲག་ཆས་དམག་མི་སུམ་བརྒྱ་ཙམ་འབྱོར་ནས་ས་གནས་དེའི་༼ཟླ་ཡུལ་མཐུན་སྒྲིལ་ཚོགས་པ་༽ཞེས་པས་བོད་དོན་དང་འབྲེལ་བའི་ལས་དོན་བྱེད་ཀྱི་ཡོད་པ་དང་། ཚོགས་པ་དེ་འཛུགས་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག གནད་དོན་དེ་དང་འབྲེལ་བའི་གནས་ཚུལ་འོག་ཚོགས་པ་དེའི་ཚོགས་གཙོ་དོན་རྟོགས་སོགས་བོད་མི་གཉིས་བརྒྱ་ལྔ་བཅུ་འཇུ་བཟུང་བྱེད་སྐབས། ས་གནས་བོད་མའི་འགའ་ཞིག་གིས་རྒྱ་དམག་དང་ཉེན་རྟོག་མི་སྣས་བརྗོད་པའི་གནས་ཚུལ་ལ་མོས་མཐུན་མེད་ལུགས་ཀྱིས་ངོ་རྒོལ་བཀག་འགོག་བྱས་འདུག
དེ་མ་ཐག་ཉེན་རྟོག་མི་སྣས་མང་ཚོགས་ནང་གང་བྱུང་གཅར་རྡུང་ཚད་མེད་བྱས་ཏེ། བོད་མི་སྐྱ་ཆེན་དང་། རྒྱལ་མཚན། སྐྱ་གཙེས། ཆོས་པོ། བསོད་རིན། སྐྱ་ཐོ། སྐྱ་རིས་སོགས་གཞན་མིང་མ་ངེས་པ་མི་གསུམ་བཅས་བོད་མི་བཅུ་སྐོར་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཏེ་སྨན་ཁང་དུ་སྐྱེལ་དགོས་བྱུང་འདུག
ཚེས་ ༡༥ ཉིན་ས་གནས་དེར་བོད་མི་སྟོང་ཕྲག་གཉིས་ལྷག་གིས་སྔར་ཉིན་བྱུང་བའི་རྒྱ་དམག་དང་ཉེན་རྟོག་པའི་བྱ་སྤྱོད་ལ་ངོ་རྒོལ་མུ་མཐུད་དུ་བྱས་རྐྱེན། འཛིན་བཟུང་བྱས་པ་མང་ཆེ་བ་གློད་གྲོལ་བཏང་འདུག་ཀྱང་། ད་དུང་མི་གྲངས་སུམ་བཅུ་སོ་གསུམ་བཀག་ཉར་བྱས་ཡོད་འདུག དེ་མིན་ས་གནས་དེར་དེང་སྐབས་བརྡ་འཕྲིན་གྱི་ལམ་ཁ་ཡོངས་རྫོགས་བཀག་ཟིན་པར་བརྟེན། ས་གནས་སུ་འབྲེལ་མཐུད་བྱེད་ཐུབ་ཀྱི་མེད་པ་དང་། ས་གནས་ཀྱི་གནས་ཚུལ་གང་ཡིན་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
ཟླ་ཡུལ་མཐུན་སྒྲིལ་ཚོགས་པ་དེ་ནི་ཕྱི་ལོ་ ༢༠༠༨ ལོར་ས་གནས་ཚོ་སྡེ་བཅུ་གསུམ་གྱི་གནད་ཡོད་མི་སྣ་ཁག་གཅིག་གིས་གསར་འཛུགས་བྱས་པ་དང་། ལས་དོན་གཙོ་བོ་ནི་སྡེ་བ་ཕན་ཚུན་གྱི་བོད་མི་ནང་ཁུལ་དུ་རྒྱུན་ལྡན་གྱི་རྙོག་གྲའི་རིགས་མི་འབྱུང་བ་དང་། ཚོ་སྡེ་དེ་དག་གི་བདེ་འཇགས་སྲུང་སྐྱོབ་དང་། མི་མང་མཐུན་སྒྲིལ་བྱེད་རྒྱུར་གཞོགས་འདེགས་བྱེད་ཀྱི་ཡོད་པ་རེད་འདུག །
མེ་སོར་གསར་འགོད་པས།