སྒོ་ཁྱིའི་ལས་དབང་།

གུ་ཡངས་ཀྱི་ཡུལ་ལུང་ཞིག་ལ།

སྒེར་གཅོད་ཀྱི་ཁྱད་གསོད་མེད་པའི།

རང་དབང་གི་འཚོ་བ་དྲན་དུས།

འགྲོ་འདོད་ཀྱིས་བཙན་བསྐུལ་བཏང་བྱུང་།

མི་རིགས་ཀྱི་ཁྱིམ་གཞི་འདི་ལ།

བརྩེ་དུང་གི་ལྕགས་ཐག་སྲ་མོའི།

དམ་ཚིག་གི་མདུད་ནག་ཡོད་དུས།

སྒོ་ཁྱི་ལ་འགྲོ་དབང་མི་འདུག

 

ཁྱིམ་གཞིར་ཡི་ཨ་མ་རྒན་མོའི།

སྐྱིད་སྡུག་གི་འབྲོག་པའི་འཚོ་བ།

དྲན་འཛིན་གྱི་ཡུལ་དུ་ཤར་དུས།

སྒོ་ཁྱི་ལ་བརྗེད་དབང་མི་འདུག

 

ཉེས་མེད་ཀྱི་གཡང་དཀར་ལུག་ཁྱུ།

སྤྱང་ཚོགས་ཀྱིས་མཐའ་ནས་སྐོར་བར།

དྲན་ཤེས་ཀྱི་ཡུལ་དུ་ཤར་དུས།

སྒོ་ཁྱི་ལ་སྐྱུར་དབང་མི་འདུག

 

ལྷས་མཐའ་གྱི་འབྲོག་འཕྲུག་སྐྱ་རིས་།

པགས་རྩག་ནང་ཤིག་གིས་སྡང་བར།

མཐོང་ཤེས་ཀྱི་མིག་ལམ་ཤར་དུས།

སྒོ་ཁྱི་ལ་སྐྱིད་དབང་མི་འདུག

 

སྦྲ་ནང་གི་འབྲོག་རྒན་ཁ་གཉག

གཡག་ཤ་ལ་རོལ་དབང་མེད་པར།

ཐོས་འཛིན་གྱི་རྣ་བས་གོ་དུས།

སྒོ་ཁྱི་ལ་འཁྱམ་དབང་མི་འདུག

 

བརྩེ་དུང་གི་ལྕགས་ཀྱི་ཐག་པ།

དུམ་བུ་རུ་ཆད་པའི་དུས་ཤིག

ཁྱིའི་ཚེ་ལ་ཡོང་ཡ་ཡོད་ན།

སྒོ་ཁྱི་ངས་སྐྱིད་ཤིག་རིག་བ།