ནང་ཆོས། འཚོ་བ། བདེ་སྐྱིད།

སྔོན་མ་སྔོན་མ་བོད་མི་མང་པོ་ཞིག་གི་སེམས་ནང་ལ་ནང་ཆོས་ནི་གཞན་ལས་རིན་ཐང་ཆེས་ཆེ་པའི་དངོས་པ་ཞིག་ཡིན་མོད། དེང་སྐབས་བོད་མི་མང་པོ་ཞིག་གི་སེམས་ནང་ལ་ནང་ཆོས་ནི་ཐག་རིང་ཐག་རིང་དང་། ལྐོག་གྱུར་མཛེས་ཆོས་ཀྱི་ལུང་བསྟན་ཞིག་ཏུ་བསམ་བཞིན་ཡོད། དེ་ནི་བོད་མི་བྱིངས་ཀྱི་བསམ་བློའི་འགྱུར་བ་ཞིག་ཡིན་ལ་བོད་ཀྱི་མི་རབས་གསར་བའི་བསམ་བློའི་འགྱུར་བ་ཞིག་ཀྱང་ཡིན། དེ་ནི་ནང་ཆོས་ཀྱི་ཟབ་ཚད་དམའ་བ་དང་། དོན་དངོས་ཐོག་ནང་ཆོས་རང་ཉིད་དང་ཆེས་ཐག་རིང་དུ་ཡོད་པས་རྒྱུ་མཚན་རྩ་ནས་མིན།

དེའི་རྒྱུ་མཚན་ནི་མདོར་བསྡུས་ནས་བཤད་ན་མིའི་སེམས་ཁམས་ཀྱི་ནང་དུ་སྒྱིད་ལུག་རང་བཞིན་གྱི་བསམ་བློ་སྟེ། ཚེགས་མེད་སྐྱིད་སྤྱོད་ཀྱི་བསམ་བློའི་འཛིན་སྟངས་འཕེལ་བ་འདི་རེད། དེ་ནི་དུས་ཚོད་དང་འབད་བརྩོན་ཆུང་ཆུང་ཞིག་གིས་བདེ་སྐྱིད་དང་ལོངས་སྤྱོད་ཆེན་པོ་ཞིག་ཐོབ་འདོད་པའི་ཧམ་སེམས་ཀྱི་འདུ་ཤེས་འཛིན་སྟངས་གསར་བ་ཞིག་རེད་ལ་དུས་རབས་ཀྱི་སྡིག་ཉེས་ནག་པོ་ཞིག་ཀྱང་རེད།

 

དེས་ན་ང་ཚོས་ནང་ཆོས་རང་ཉིད་དང་ཐག་རིང་ཞིག་ཏུ་མེད་པར་འཚོ་བའི་བཀོལ་སྤྱོད་ཁྲོད་དུ་རྒྱུན་ལྡན་ནས་ཡོད་པར་ངོས་འཛིན་ཇི་ལྟར་བྱ་དགོས་ཟེར་ན། ཐོག་མར་ནང་ཆོས་སྤྱིའི་འགྲོ་སྟངས་སླ་ས་རགས་ས་ནས་ངོས་འཛིན་དང་གོ་བ་ཆགས་ཐུབ་པ་བྱ་དགོས་པ་འདི་གཙོ་གནད་ཡིན། དེའི་ཕྱིར་མཁྲེག་པོ་དང་ཕྲ་མོ་རྐྱང་རྐྱང་བཤད་ནས་མཁས་ཉམས་སྟོན་པ་ལ་མི་འབད་པར་དང་པོ་སླ་ས་དང་ཐུབ་ས་ནས་བརྩམས་ཏེ་ནང་ཆོས་ཀྱི་གཞི་རྩའི་འགྲོ་སྟངས་ངོས་འཛིན་ཐུབ་ཆེད་ཉུང་ངའི་ཚིག་གིས་ནང་ཆོས་ཀྱི་ངོ་སྤྲོད་འདི་གལ་ཆེ་བར་མཐོང་།

 

ཆོས་ཟེར་བ་ནི་ནང་བ་སངས་རྒྱས་པའི་བཤད་སྟངས་བྱས་པ་ཡིན་ན། སེམས་ལེགས་ཕྱོགས་སུ་བསྒྱུར་བ་དེ་ཡིན། ཆོས་ཞེས་པ་འཆོས་པའི་དོན་དང་། འཆོས་པ་ནི་བཅོས་སྒྱུར་བཏང་བའི་དོན་རེད། གང་བསྒྱུར་བཅོས་བཏང་དགོས་ཟེར་ན། དེ་ལ་རབ་འབྲང་མཐའ་གསུམ་ཡོད། རབ་ནི་རང་ཉིད་ཁོ་ན་གཅེས་པར་འཛིན་པའི་འདུ་ཤེས་དེ་བསྒྱུར་བཅོས་བཏང་ནས་མཐའ་ཡས་ཤིང་ཚེ་རབས་ནས་ཚེ་རབས་སུ་རང་གི་མ་བྱེད་མྱོང་བའི་སེམས་ཅན་ཐམས་ཅན་གྱི་ཆེད་དུ་ལྷག་བསམ་རྣམ་དག་དང་ཁ་ཁོག་མཐུན་པའི་སྒོ་ནས་ཁ་ཡོད་ལག་ཡོད་ཀྱིས་འབད་བརྩོན་བྱ་དགོས། མཐའ་ཡས་པའི་མ་གྱུར་སེམས་ཅན་ཐམས་ཅན་གྱི་ཆེད་དུ་རང་ཉིད་སངས་རྒྱས་ཀྱི་ས་ལ་འགྲོ་བའམ་སངས་རྒྱས་ཐོབ་པར་བྱེད་པའི་དམ་བཅའ་དང་བཅས་སངས་རྒྱས་སྒྲུབ་ཐབས་རྣམས་ལག་ལེན་ལ་འགེལ་བ་ནི་བྱང་ཆུབ་ཀྱི་སེམས་སྒོམ་ཟེར་བ་དེ་ཡིན། འདི་ནི་གཙོ་བོའི་ནང་གི་གཙོ་བོ་ཡིན།

 

དེ་ལྟར་མ་བྱུང་ཡང་རང་ཉིད་ཀྱིས་གང་ཐུབ་ཐུབ་ཀྱིས་དབུལ་ཕྱུག་དང་མཐོ་དམན་གྱི་དབྱེ་བ་མེད་པར་གཞན་ལ་རོགས་རམ་དང་ཕན་ཐོགས་གང་ཐུབ་བྱས་ན་བྱང་ཆུབ་སེམས་ཀྱི་ཉམས་ལེན་གྱི་ཕྱོགས་སུ་འགྲོ་ཡི་ཡོད། འདི་ལྟར་སེམས་ཅན་གཞན་གྱི་ཆེད་དུ་སྒེར་སེམས་དོར་བ་ལ་སེམས་སྦྱོང་ཐབས་མང་པོ་ཡོད། དེ་དག་ལས་གཙོ་བོ་ནི་རང་དང་སེམས་ཅན་ཐམས་ཅད་བདེ་སྡུག་མཉམ་པར་བསམ་པ་དང་། ཚེ་སྔ་མ་རྣམས་སུ་སེམས་ཅན་འདི་དག་བདག་གི་མ་བྱེད་མྱོང་བ་དང་། མ་བྱས་པའི་སྐབས་སུ་ད་ལྟའི་མ་བཞིན་རང་ཉིད་གཅེས་པར་བསྐྱངས་མྱོང་བ་སོགས་ལ་བསམ་བློ་གཏང་དགོས། འདི་ལྟར་གཞན་དོན་དུ་ལས་ཀ་བྱེད་པ་དང་གཞན་གཅེས་འཛིན་གྱི་བསམ་བློ་གཏོང་སྐབས་དེ་ལ་བར་ཆད་མང་པོ་ཡོང་གི་ཡོད། དེས་ན་བཟོད་པ་བསྒོམ་རྒྱུ་དེ་ཧ་ཀྱང་གལ་ཆེན་ཡིན། ང་ཚོར་མི་གཞན་ཞིག་གིས་གནོད་པ་བྱས་པའམ་རང་དང་ཉེ་རིང་གང་རུང་གི་མི་ཞིག་གིས་རང་གི་ལྟ་བ་དང་ལངས་ཕྱོགས་ཀྱི་རྒྱབ་འགལ་དུ་ཕྱིན་པའི་ལས་རྩོམ་སྐབས་ང་ཚོ་ཁོང་ཁྲོ་ལངས་ཀྱི་ཡོད། ཁོང་ཁྲོ་ལངས་པའི་འབྲས་བུ་ནི་གཞན་ལ་གནོད་པ་བྱེད་པ་གཞིར་བཅས་རང་ལ་ཡང་སྐྱིད་པོ་མེད་པ་ང་ཚོས་མྱོང་ཚོར་ལས་དཔག་ཐུབ། དེས་ན་ང་ཚོས་བཟོད་པ་སྒོམ་སྐབས་བསམ་བློ་འདི་ལྟར་གཏང་དགོས།

 

གཅིག གཞན་གྱིས་རང་གི་བློར་མ་བབ་པའི་ལས་ཀ་བྱས་པ་དེ་ཁོ་རང་གི་ཐོབ་བྱ་ཞིག་གི་ཆེད་དུ་རེད། ང་རང་གིས་ཐོབ་བྱ་ཞིག་གི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་པ་བཞིན་རེད། དེ་ལ་ཁྲོ་དགོས་དོན་མེད་བསམ་དགོས། གཉིས། ཁོ་རང་ཉོན་མོངས་པའི་དབང་དུ་སོང་ནས་ལས་ངན་པའི་བྱ་བ་རྩོམ་གྱི་ཡོད་རེད། སྙིང་རྗེ། ཁོ་རང་ཁག་མེད་བསམ་དགོས། གསུམ། ངས་ཁོ་རང་ལ་ལན་བསློགས་ན་ཡང་ངེད་གཉིས་ཀ་ཁོང་ཁྲོ་ལངས། སྡིག་པ་བསགས། རྗེས་མ་ཐུག་སྐབས་དང་ཉེ་མཁོར་གྱི་མི་ལའང་ངོ་ཚ། དེ་ལས་ལན་མ་བསློགས་ན་ཡག་བསམ་དགོས། འདི་ལྟར་བསམ་པ་དང་ལག་ལེན་དུ་བསྟར་ཐུབ་ན་ཚེ་ཕྱི་མ་ཙམ་མ་ཡིན་པར་མི་ཚེའི་ནང་འཚོ་བ་བདེ་སྐྱིད་ཀྱིས་སྐྱེལ་བར་ཕན་ཐོགས་ཆེན་པོ་ཡོད། འོན་ཀྱང་བཟོད་པ་སྒོམ་པ་ནི་རང་ཉིད་ཀྱིས་གཉོམ་ཆུང་ནུས་མེད་ཀྱི་བརྟུལ་ཞུགས་འཛིན་དགོས་པའི་དོན་གཏན་ནས་མིན། ཉམས་ལེན་གཞན་ཞིག་ནི་བྱམས་པ་དང་སྙིང་རྗེ་སྒོམ་རྒྱུ་དེ་ཡིན། བྱམས་པ་ནི་ཡིད་འོང་དུ་ལྟ་བའི་སེམས་བྱུང་ཞིག་ལ་ཟེར། དེ་ཡང་གཞན་སེམས་ཅན་ཐམས་ཅད་ཡིད་འོང་དུ་ལྟ་བ་ལས་རང་དང་རང་གི་ཉེ་འབྲེལ་ཙམ་ལ་ཡིད་འོང་དུ་ལྟ་བ་ནི་ཆོས་པ་རབ་ཀྱི་བྱམས་པའི་མཚན་ཉིད་ཡོངས་སུ་ཚང་མེད། ཡིད་འོང་དུ་ལྟ་བའི་རྒྱུ་མཚན་གཙོ་བོ་ནི་མཛེས་མི་མཛེས་དང་། རྒྱུ་ཆེ་ཆུང་། རང་ལ་ཕན་ཐོགས་ཡོད་མེད་བཅས་མ་ཡིན་པར་ཚེ་རབས་ནས་ཚེ་རབས་པར་རང་ཉིད་ཀྱི་མ་བྱས་མྱོང་བ་དང་། སྐབས་དེར་དྲིན་གྱིས་བསྐྱངས་མྱོང་བ། རང་གཞན་ཐམས་ཅད་བདེ་བའི་ཆེད་དུ་འཚོ་ཞིང་སྡུག་བསྔལ་མི་འདོད་པའི་གནས་སྟངས་འདྲ་མཉམ་ཡིན་པ། ལྷག་པར་དུ་ལས་འབྲས་སླུ་བ་མེད་པར་ངེས་ཤེས་རྙེད་པ་བཅས་ཡིན།

 

དེ་ཡང་ལས་འབྲས་སླུ་བ་མེད་པ་ཟེར་བ་ནི་སངས་རྒྱས་ཀྱིས་ལས་འབྲས་གསུང་བ་རེད་ཟེར་བ་ཙམ་མིན་པར་ལས་དགེ་བ་བསགས་ན་འབྲས་བུ་བདེ་བ་འབྱུང་བ་དང་། ལས་མི་དགེ་བ་བསགས་ན་འབྲས་བུ་སྡུག་བསྔལ་འབྱུང་བ་འདི་རྣམ་པ་ཐམས་ཅད་དུ་མི་སླུ་བ་ཡིན་པར་ངེས་ཤེས་རྙེད་དགོས་པ་འདི་ཡིན། དཔེ་མཚོན་ཆུང་ཙམ་ཞིག་གིས་ངོ་སྤྲོད་བྱས་ན་ཉེས་མེད་མི་སེར་སྟོང་ཕྲག་མང་པོའི་ཚེ་སྲོག་འཕྲོག་མཁན་གྱི་སྟོབས་ཆེན་བྷིན་ལ་གྲིན་ཨ་རིའི་དམག་མིས་དམར་གསད་བཏང་བ་དང་། འགྲོ་བ་ཀུན་ལ་ཕན་སེམས་འབའ་ཞིག་གིས་སྦྱོར་བ་རྩོམ་མཁན་གྱི་དགེ་སློང་གཉོམ་ཆུང་ཏཱ་ལའི་བླ་མ་འཛམ་གླིང་ཆེ་དགུ་ཀུན་ཀྱིས་གཙུག་ཏུ་བཀུར་ཡོད། འདི་ནི་ལས་འབྲས་སླུ་བ་མེད་པའི་བདེན་དཔང་ཞིག་ཡིན། ལས་འབྲས་སླུ་བ་མེད་པ་འདི་ལ་ངེས་ཤེས་རྙེད་ན་རང་ཉིད་ཀྱིས་གཞན་ཕན་གྱི་ལས་བྱས་པ་དེས་རང་ཉིད་ཆེས་མཆོག་དང་རབ་ཀྱི་བདེ་བ་ཐོབ་པའི་རྒྱུ་ཚོགས་སྒྲུབ་བཞིན་པའི་སྣང་བའང་སྟེར་སྲིད།

 

སྙིང་རྗེ་ནི་སེམས་ཅན་གཞན་གྱི་སྡུག་བསྔལ་ལ་མི་བཟོད་པའི་ངང་ཚུལ་ཅན་གྱི་སེམས་བྱུང་ལ་ཟེར། དེ་ཡང་མི་བཟོད་པ་ཙམ་མིན་པར་སྡུག་བསྔལ་དེ་དག་ལས་བདག་གིས་བསྒྲལ་བར་བྱ་སྙམ་ནས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རང་ཐོག་ལ་ལེན་པའི་བློ་སྟོབས་བསྐྱེད་པར་བྱེད་པའི་སྙིང་རྗེ་ནི་ཆོས་པ་རབ་ཀྱི་སྙིང་རྗེ་ཡིན། སྐབས་རེར་ཆོས་འབའ་ཞིག་བྱེད་མཁན་གྱི་མི་ཚོར་ལམ་འགྲོ་ཡག་པོ་མེད་པ་ལྟ་བུ་དང་། མི་དགེ་བ་གསོག་མཁན་ཚོར་ལམ་འགྲོ་ཡོད་པ་ལྟ་བུའི་གནས་སྟངས་ཡོང་གི་ཡོད་ཀྱང་དེ་ནི་ལས་འབྲས་སླུ་བ་ཡོད་པའི་རྒྱུ་མཚན་མ་ཡིན་གྱི་ཚེ་འདིར་མི་དགེ་བ་མང་པོ་བསགས་ཀྱང་ཚེ་རབས་སྔོན་མ་རྣམས་སུ་བསགས་པའི་དགེ་བའི་འབྲས་བུ་ད་སྐབས་སྨིན་པ་དང་། ཚེ་འདིར་དགེ་བ་མང་པོ་བསགས་ཀྱང་ཚེ་རབས་སྔོན་མ་བསགས་པའི་མི་དགེ་བའི་འབྲས་བུ་ད་སྐབས་སྨིན་པ་སོགས་ཡིན། མདོར་ན་ང་ཚོའི་ཉེས་པ་ཡོངས་རྫོགས་ཀྱི་རྩ་བ་ནི་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་སྒྲུབ་མ་ཤེས་པ་དང་། སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་སྒྲུབ་བཞིན་པ་འདི་ལ་ཐུག་ཡོད།

 

དེའི་བསྡོམས་ནི། སྤྱོད་འཇུག་ལས(བདེ་བར་འདོད་ཀྱང་གཏི་མུག་པས།། རང་གི་བདེ་བ་དགྲ་ལྟར་འཇོམས།། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་།། སྡུག་བསྔལ་ཉིད་ལ་མངོན་པར་རྒྱུགས།། ཅེས་པ་འདི་ཡིན། ཡང་ཆོས་པ་རབ་ཀྱི་ཉམས་ལེན་གྱི་སྐབས་སུ་ཤེས་རབ་ནི་མེད་ཐབས་མེད་པ་ཞིག་ཡིན། རྒྱ་ཆེ་ས་ནས་བཤད་ན་སངས་རྒྱས་ཀྱི་གོ་འཕང་ནི་ཤེས་རབ་དང་བྱང་ཆུབ་ཀྱི་སེམས་གཉིས་ལ་བརྟེན་ནས་བསྒྲུབ་དགོས་པ་ཡིན། ཤེས་རབ་ཀྱིས་ཆོས་གང་དང་གང་ཡིན་ཡང་སོ་སོར་འབྱེད་ཅིང་ལེགས་དང་ཉེས། རུང་དང་མི་རུང་གི་རྣམ་དབྱེ་ཚང་མ་ཇི་བཞིན་དུ་སོ་སོར་ཕྱེས་ཏེ། ལེགས་པ་བསྒྲུབས་ཤིང་ཉེས་པ་དོར་བའི་ལམ་ལ་ཞུགས་པའི་ལས་བྱེད་ཀྱི་ཡོད། འདོར་ལེན་དང་ལེགས་ཉེས་ཇི་བཞིན་ཤེས་ན་ཡང་ལག་ལེན་དང་། བསམ་བློ་རྒྱ་ཆེན་པོ་ཞིག་མེད་ན་ཕན་ཐོགས་ཆེན་པོ་ཞིག་བྱེད་དཀའ་བ་ཡིན། དེའི་ཕྱིར་བསམ་བློ་རྒྱ་ཆེ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་འབད་བརྩོན་བྱེད་པའི་བྱང་ཆུབ་ཀྱི་སེམས་དང་། ལག་ལེན་བསླབ་པ་གསུམ་ནི་ནང་ཆོས་ཀྱི་སྲོག་ཤིང་ལྟ་བུ་ཡིན།

 

བསམ་བློ་དོག་པོ་རྒྱ་ཆུང་ཆུང་ཞིག་ལས་མེད་ན་ཤེས་ཡོན་ཚད་ལྡན་ཞིག་ཡོད་ཀྱང་སྤྱི་ཚོགས་ཁྲོད་ཕན་ཐོགས་རྒྱ་ཆེར་མི་འབྱུང་ཞིང་ལྷག་བསམ་དང་སྤྱི་ཚོགས་ལ་བསམ་པའི་བསམ་བློ་ཡག་པོ་དང་རྒྱ་ཆེན་པོ་ཞིག་ཡོད་ན་རང་ཉིད་ལ་སྤྱི་ཚོགས་ཁྲོད་གདེང་འཇོག་དང་གཞན་ལའང་ཕན་ཐོགས་ཆེན་པོ་ཡོད་པ་ང་ཚོའི་མཐོང་ཆོས་སུ་ཡོད་པ་བཞིན་ཆོས་གཞུང་དུ་ཡང་བསམ་བློ་རྒྱ་ཆེན་པོ་དང་ཤེས་རབ་གལ་ཆེན་དུ་གསུང་ཡོད། རང་ཁོ་ན་གཅེས་པར་འཛིན་པའི་བློ་ལྡོག་པའི་ཐབས་ཡག་ཤོས་ནི་གོང་དུ་བཤད་པ་དང་གཞུང་གཞན་ལས་འབྱུང་བའི་གཞན་གཅེས་པར་འཛིན་འོས་པ་དང་རང་ཉིད་ཁོ་ན་གཅེས་པར་བཟུང་ན་སྡུག་བསྔལ་ལས་བདེ་བ་འབྱུང་དཀའ་བའི་རྒྱུ་མཚན་རྣམས་བསམ་བློ་ཡང་ཡང་གཏང་དགོས།

 

ཚེ་ཕྱི་མ་དང་ཕུགས་ཐག་རིང་པོ་བཞག་ནས་ཚེ་འདི་ཁོ་ནར་བསམ་བློ་ཡག་པོ་ཞིག་བཏང་ན་ང་ཚོས་གཞན་ལ་སེམས་ཁུར་བྱས། གཞན་ལ་ཡ་རབས་བྱས་ན་རང་ཉིད་ལ་གཞན་གྱིས་རོགས་རམ་དང་གྲོགས་པོའི་བརྩེ་འདང་སོགས་ཡོང་རྒྱུ་དང་། རང་ཉིད་ཁོ་ན་ལས་གཞན་ལ་བསམ་ཤེས་དང་ཕན་གྲོགས་གང་ཡང་མ་བྱས་པར་རང་ཉིད་ཁོ་ན་བསམ་ནས་བསྡད་ན་རང་ལ་ཕན་གྲོགས་དང་སེམས་ཁུར་བྱེད་མཁན་ཡང་ཉུང་དུ་འགྲོ་བ་མྱོང་བས་གྲུབ་པ་བཞིན་ཡིན། འདིའི་ཕྱོགས་ནས་བློ་རྒྱ་བསྐྱེད་དེ་བསམ་བློ་བཏང་ན་ཕན་ཐོགས་ཆེན་པོ་ཡོད།

 

དེ་ཡང་བསྡོམས་ནི་ཆོས་གཞུང་ལས། རང་ཉིད་གཅེས་འཛིན་སྡུག་བསྔལ་ཀུན་གྱི་སྒོ།། མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི།། ཞེས་གསུང་ཡོད། འདིའི་དོན་ཡང་རང་ཉིད་ཀྱི་འཚོ་བ་དང་ཚེ་འདིའི་བདེ་སྐྱིད་སོགས་བློས་བཏང་ནས་གཅིག་པུར་བྲག་ཁུང་འགྲིམ་དགོས་པའི་དོན་གཏན་ནས་མིན། རང་ཉིད་ཀྱི་བདེ་སྐྱིད་དང་འཚོ་བའི་དགོས་མཁོ་འཚམ་པ་ཞིག་སྒྲུབ་པའི་ཞར་ལ་གཞན་དོན་དང་རང་དོན་འགྲུབ་བའི་བློ་སྦྱོང་ཞིག་གསུང་གི་ཡོད།

                                                        ༢༠༡༢/༤/༡༧