རྩོམ་པ་པོ་གྲགས་ཅན་གྷི་ར་སི་ལ་སྐྱོན་བརྗོད།

  ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན་གྱི་རྩོམ་པ་པོ་གྷི་ར་སི་མཆོག་གིས་ཉེ་ཆར་གསར་དུ་བརྩམས་པའི་སྙན་ངག་ནང་། ཨི་ཟི་རཱལ་གྱི་དྲག་སྤྱོད་ལ་སྐྱོན་བརྗོད་དང་ཐེར་འདོན་ཤུགས

་ཆེར་ཡོད་པ་རེད། རྒྱུ་མཚན་དེར་བརྟེན་ཨི་ཟི་རལ་གཞུང་གིས་ཁོང་ལུང་པ་དེར་ཡོང་མི་ཆོག་པའི་བཀོད་ཁྱབ་བཏང་བ་དང་།  མ་ཟད་ཁོང་གི་སྙན་ངག་ལ་རྩོད་གླེང་ཤུགས་ཆེར་སླེབས་པར་བརྟེན། ད་ལྟ་རྩོམ་པ་པོ་ཁོང་ཇེར་མི་ནིའི་སྨན་ཁང་དུ་ལྷག་པ་ཡོད་འདུག  ཇར་མི་ནིའི་གསར་ཁང་གིས་བརྗོད་ན། རང་ལོ་༨༤ སོན་པའི་རྩོམ་པ་ཁོང་ལ་རྒྱལ་ཁབ་ཀྱི་སྨན་ཁང་ནས་སྨན་བཅོས་བྱེད་ཀྱི་ཡོད་པ་ལས། གཞན་ཚུལ་གང་ཡང་རག་མ་སོང་ཞེས་བརྗོད་འདུག ཉེ་ཆར་ཕྱི་ཟླ་༤ ཚེས་༤ ཉིན་པར་འགྲེམས་བྱས་པའི་གྷི་ར་སིའི་སྙན་ངག་“དོན་དམ་ཅི་ཞིག་བརྗོད་དགོས་སམ་”ཞེས་པའི་ནང་། ཨི་ཟི་རལ་གྱི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་ཐད་ནུབ་ཕྱོགས་རྒྱལ་ཁབ་ཁག་རི་བོང་རྡོ་རྫུ་ངང་གནས་པ་དང་། དེས་རྒྱལ་ཁབ་འདིར་ཉེན་ཁ་བཟོས་པ་མ་ཟད། ཉམ་ཆུང་བའི་འཛམ་གླིང་ཞི་བདེར་ཡང་ཉེན་ཁ་བཟོས་ཟིན་ཡོད་པ་སོགས་ཨི་རག་གི་གནད་དོན་དང་འབྲེལ་ནས་སྐྱོན་ཐེར་འདོན་བྱས་ཡོད། དེ་བཞིན་ཨི་ཟི་རལ་གྱིས་ཨི་རན་ལ་དྲག་པོའི་རྡུལ་མཚོན་སྤྱད་ནས་དམག་རྒྱག་ན་མི་མང་གྲངས་མེད་རྩ་མེད་དུ་འགྲོ་བས། དེ་ནི་ནག་ཉེས་ཡིན་པ་དང་། ཇར་མི་ནི་ཡང་རང་བཞིན་གྱི་ངན་པ་ལག་སྦྲེལ་དུ་འགྱུར་ངེས་རེད་ཅེས་བརྗོད། སྙན་ངག་དེ་འགྲེམས་སྤེལ་བྱས་ནས་ཉིན་ཤས་རྗེས། ཨི་ཟི་རིལ་གྱི་ནང་སྲིད་བློན་ཆེན་གྱིས་གྷི་ར་སི་རྒྱལ་ཁབ་དེར་ཡང་ཡང་སྐྱོད་མཁན་ཞིག་ཡིན་པས། རྗེས་སུ་ཡོང་མི་ཆོག་པའི་བསྒྲགས་གཏམ་སྤེལ་ཡོད། སྙན་ངག་དེ་རྒྱལ་ཁབ་མང་པོའི་སྐད་ཡིག་ནང་བསྒྱུར་བ་དང་། འཛམ་གླིང་ནང་གླེང་སློང་ཆེ་ཤོས་ཤིག་ཆགས་ཡོད་པ་རེད། ཡང་མི་མང་པོས་སྙན་འདི་ཧ་ཅང་སྙན་པོ་འདུག་ལ། རྩོམ་པ་པོ་དང་སྒྱུ་རྩལ་བ་ཚོས་ནམ་ཡང་འཇིག་རྟེན་འདི་དྲག་སྤྱོད་དང་རྩོད་རྙོག་ལས་སྐྱོབ་ཐབས་ལ་འབད་བརྩོན་བྱེད་ཀྱི་རེད་ཅེས་སོགས་བསམ་ཚུལ་སྣོ་ཚོགས་ཐོན་གྱི་ཡོད་པ་རེད།