རྒྱ་ནག་གིས་བྱང་ཀོ་རི་ཡར་འཆམ་མཐུན་བྱེད་རྒྱུའི་དམ་བཅའ།

ཕྱི་ཚེས་༢༤ ཉིན་བྷི་བྷི་སི་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་བྱང་ཀོ་རི་ཡར་འཆམ་མཐུན་དམ་ཟབ་བྱེད་རྒྱུར་ཁས་ལེན་བྱས་ཡོད་པ་དང་། བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའི་རྡུལ་མཚོན་བཟོ་སྐྲུན་ཆེད་རྒྱ་ནག་གིས་རོགས་སྐྱོར་བྱས་ཡོད་མེད་ཨ་རིའི་གཞུང་གིས་རྒྱ་གཞུང་ལ་དྲི་བ་བཏང་ཡོད་པ་རེད།

དེ་ཡང་ཕྱི་ཚེས་༢༣ ཧུའུ་ཅིན་ཐའོ་དང་བྱང་ཀོ་རི་ཡའི་སྐུ་ཚབ་ཀིམ་ཡོང་ཨིལ་གཉིས་པེ་ཅིང་དུ་ཐུག་འཕྲད་བྱས་ཡོད་པ་དང། ཨ་རིས་རྡུལ་མཚོན་མེ་ཤུགས་འཕུར་མདའི་ནང་བར་སྣང་ལ་སྐྱེལ་འདྲེན་བྱེད་སྐབས་བྱང་ཀོ་རི་ཡའི་འཕྲུལ་ཆས་གཅིག་གི་ཐོན་ཁུངས་རྒྱ་ནག་ཡིན་སྐོར་བརྗོད་ཡོད་པ་རེད། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའི་ལས་གཞིར་རྒྱལ་ཚོགས་ཀྱིས་སྐྱོན་བརྗོད་བྱས་ཡོད་པ་དང། རྒྱ་ནག་གིས་སྐབས་དེར་གང་ཡང་བརྗོད་མེད་ཀྱང་། རྒྱལ་ཚོགས་ཀྱི་གྲོས་ཆོད་ལ་དགག་བྱས་མེད་པ་རེད། འོན་ཀྱང་རེས་གཟའ་ཟླ་བ་ཉིན་ཧུའུ་ཡིས་བྱང་ཀོ་རི་ཡ་དང་རྒྱ་ནག་གཉིས་ཀྱིས་སྲོལ་རྒྱུན་ལྟར། འབྲེལ་ལམ་དང་མཉམ་ལས་ཡར་རྒྱས་བཏང་ནས་ཕན་ཚུན་དབར་ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་ཡིན་ཞེས་བརྗོད་ཡོད་པ་དང་། རྒྱ་ནག་གིས་ལྷོ་བྱང་ཀོ་རི་ཡའི་བར་རྩོད་རྙོག་ཆེ་བའི་སྐབས་སུ་ཞི་འཇགས་གཏོང་དགོས་པའི་འབོད་སྐུལ་ཡང་བྱས་ཡོད་པ་རེད། མེ་ཤུགས་འཕུར་མདའ་དེ་ལ་བརྟེན་ནས་ལྷོ་བྱང་ཀོ་རི་ཡ་གཉིས་དབར་སྐྱོན་བརྗོད་ཤུགས་ཆེ་བྱེད་རེས་བྱས་ཡོད་པ་མ་ཟད། ཕན་ཚུན་ཉེན་བརྡ་གཏོང་རེས་ཀྱང་བྱས་ཡོད་པ་རེད།

ཨ་རིའི་ཉམས་ཞིབ་པས་བརྗོད་དོན་ལྟར་ན། བྱང་ཀོ་རི་ཡའི་སྒྱོགས་མདེལ་འདེགས་བྱེད་དང་། སྐྱེལ་འདྲེན་བྱེད་པའི་འཕྲུལ་ཆས་འཁོར་ལོ་༡༦ ཅན་ཞིག་ཡོད་པ་དེ་ནི་འཕྲུལ་ཆས་གསར་པ་ཞིག་ཡིན་པ་དང། དེའི་ཐོན་ཁུངས་རྒྱ་ནག་ནས་ཡིན་སྐོར་བརྗོད་པ་དང་། རྒྱལ་ཚོགས་ཀྱི་ལས་བྱེད་ཅིག་གིས་གནད་དོན་དེའི་ཐོག་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཞིབ་དཔྱོད་བྱེད་མུས་རེད་ཅེས་བརྗོད་ཡོད། གལ་ཏེ་རྒྱ་ནག་གིས་ཀོ་རི་ཡར་ལག་སྦྲེལ་བྱས་ཡོད་ན་རྒྱལ་ཚོས་ཀྱི་ཁྲིམས་དང་འགལ་ཡོད་སྐོར་བརྗོད་ཡོད་པ་རེད། ཨ་རིས་རྒྱ་ནག་ཚུད་པའི་རྒྱལ་ཁབ་ཚང་མར་མཉམ་འབྲེལ་ཐོག་ནས­­­­­­་བྱང་ཀོ་རི་ཡའི་རྡུལ་མཚོན་བཀག་འགོད་ཐད་མུ་མཐུད་རྒྱལ་སྤྱིའི་ཁྲིམས་ལ་སྐུལ་འདེད་བྱེད་རྒྱུ་ཡིན་ཚུལ་ནན་བརྗོད་བྱས་ཡོད་པ་རེད།།