༼གནས་མཆོག་ཁ་བ་དཀར་པོ༽

གནས་མཆོག་ཁ་བ་དཀར་པོའི་འདབས་སུ།།

སེམས་ཀྱི་ཉི་ཟླ་འཛོམས་པའི་བརྟེན་འབྲེལ།།

སྤྲིན་འཇམ་དར་དཀར་རྒྱན་པའི་དབུས་ན།།

གངས་རི་རྩེ་མོ་མཇལ་འདྲའི་སྨོན་ལམ།།

ཁ་བའི་རྡུལ་མང་རྩིགས་པའི་ལྷུན་པོ།།

རྟ་མཆོག་རྐྱང་དཀར་གཞོན་འདྲའི་གནས་རི།།

མི་འགྱུར་རྟག་བརྟན་འགྲེངས་པའི་ངང་ཚུལ།།

བླ་མའི་སྐུ་ཚེ་བརྟན་པར་མཚོན་སོང་།།

ཤེལ་གྱི་མཆོད་རྟེན་འདྲ་བའི་དབུ་འཕུངས།།

ནགས་ཀླུང་རྟུག་པོའི་གསེབས་ནས་མཐོན་ཞིང་།།

རི་བརྒྱར་བྱ་ར་ཆོག་པའི་སྤོབས་པས།།

འཛམ་གླིང་མི་ཡི་བླ་སྲོག་འདྲ་བྱུང་།།

 

དད་གསུམ་རྦ་རླབས་འཕྱུར་བའི་རྦ་ཆུ།།

དམ་ཚིག་ཤེལ་དཀར་ཅན་ལ་བདུད་རྩི།།

དམ་ཉམས་འབྱུང་པོའི་ཚོགས་ལ་གཡང་གཟར།།

བླང་དོར་མ་ནོར་སྟོན་པའི་བླ་རི།།

 

དུས་བཞིར་ཁ་བས་བརྒྱན་པའི་མཛེས་སྡུག །

སྤྲིན་དཀར་ལྷ་དར་གསོལ་བའི་བླ་རི།།

རྒྱལ་ཁམས་ཀུན་ལ་ཁྱབ་པའི་གྲགས་སྙན།།

བླ་མའི་མཚན་སྙན་རྒྱས་པའི་རྟེན་འབྲེལ།།

 

མདོ་ཁམས་ཡུལ་གྱི་ངོ་མཚར་གཅེས་ནོར།།

གདོང་དམར་བོད་ཀྱི་དད་པས་སྨོན་རི།།

འཛམ་གླིང་ཡོངས་ཀྱི་ཁྱད་འཕགས་གངས་རི།།

རོང་བཙན་ཁ་བ་དཀར་པོའི་རང་མདངས།།