༼ཆུང་སྲས་དུང་ཟླ་ཕེབས་བྱུང་༽
༼ཤར་གྱི་དུང་ཟླ་དཀར་པོ༽ དམར་སེར་མཚམས་སྤྲིན་གསེབ་ནས་འོད་སྣང་བཞད།། མཐོ་སྒང་མུན་གླིང་གསལ་ཕྱིར་སྒྲོན་དུ་གར།། ལས་དབང་བཙན་པོས་སྨག་རུམ་ཕྱོགས་སུ་སྦས།། ཤར་གྱི་དུང་ཟླ་འཚོལ་རྣམས་སྡུག་ལ་ལྷུང་།།
ཉི་ཟླ་རི་བོ་གྲུ་འཛིན་ལྷན་འཛོམས་གྱིས།། འཛམ་གླིང་ཞི་བདེར་འདྲེན་པའི་སྟག་གོན་ཚེ།། དམར་ནག་ཆུ་འཛིན་སྟུག་པོས་བཙན་ཤུགས་ཀྱིས།། ཤར་གྱི་དུང་ཟླ་དཀར་པོ་དབྱིངས་སུ་སྐུངས།། སྙིང་རྗེས་འགྲོ་ལ་བརྩེ་བས་སྐྱོངས་བའི་སླད།། ཐ་མལ་ཚུལ་བཞེས་ཡང་སྤྲུལ་འོད་སྣང་འཆར།། མི་བཟོད་བདུད་དཔུང་ཚོགས་ཀྱི་ཕྲ་དོག་གིས།། ཤར་གྱི་དུང་ཟླ་གཞོན་ནུ་བཙན་གྱིས་འཕྲོག ། མགོན་མེད་སྐྱབས་ལ་རེ་བའི་སློབ་བུའི་ཚོགས།། ངེས་མེད་ས་མཐར་འགྲེམས་པའི་གདུལ་བྱ་ཀུན།། མི་འགྱུར་སེམས་ཀྱི་གཏིང་ནས་དད་པ་དང་།། མིག་མཐར་འཆི་མས་གང་ནས་རེ་སྒུག་བྱས།། ནམ་ཟླ་ཚ་གྲང་མི་སྙོམས་ཕྱོགས་མཐའ་ནས།། འཁྲུངས་སྐར་དུས་བཟང་བསུ་བའི་ཉིན་མོ་འདིར།། ཤར་གྱི་དུང་ཟླའིའཕྲིན་ལས་འོད་སྣང་ཆེ།། གོང་མའི་བདག་གིར་བཞེད་པའི་སྨོན་ལམ་འདེབས།། མི་བཟོད་ལྕགས་ཀྱི་རྭ་བས་བསྐོར་བའི་དབུས།། མི་འདོད་སྡུག་གིས་མནར་བའི་ཆུང་སྲས་ཟླ།། མི་རྟག་འཆི་བ་གནད་ལ་རབ་གྲོལ་ཏེ།། མི་འགྱུར་སྐལ་བརྒྱར་བརྟན་པའི་སྨོན་ལམ་འདེབས།། རྒྱལ་ཐང་ཡོན་ཏན་གྱིས་ཟླ་༤ཚེས་༢༥་ཉིན་རང་ཤག་ཏུའོ།།
