སྐྱིད་སྡུག་མཉམ་མྱོང་།
(སྐྱིད་སྡུག་མཉམ་མྱོང་)ཞེས་པའི་ཚིག་ཁྱིམ་བཞི་པོ་འདི་ནི་བོད་མི་ཡིན་ནོ་ཅོག་གི་སེམས་ཁམས་སུ་མེད་ཐབས་མེད་པའི་རྒྱུ་རྐྱེན་ཞིག་ཡིན། འདི་ནི་མཐུན་སྒྲིལ་གྱི་རྩ་བ། སྙིངས་སྟོབས་ཀྱི་རྨང་གཞི། འཐབ་རྩོད་ཀྱི་ངོ་བོ་སྲ་བརྟན་དུ་གནས་པའི་རྒྱུ་ཆ་ངོ་མ་དེ་ཡིན་པས་ན་སེམས་ཁམས་དམར་པོའི་ཡོང་ཕུགས་སུ་ནམ་ཡང་ཡལ་མི་སྲིད་པའི་ཚུལ་དུ་ཉར་དགོས།
དེས་ན་ད་གཟོད་ཕོ་ཟད་མོ་ལ་ཐུག་ལག་ཟད་དཔུང་ལ་ཐུག་ཀྱང་སྐྱིད་སྡུག་མཉམ་མྱོང་དགོས་ཞེས་པའི་དོན་དེ་རྟོགས་ངེས་རེད། ད་དུང་ཞུ་འདོད་པ་ཞིག་ལ་ཁ་ནས་བོད་དོན་བོད་དོན་ཞེས་འུར་རྒྱག་པ་ཙམ་མ་ཡིན་པ་དོན་ངོ་མའི་བོད་དོན་དེ་བསྒྲུབ་རྒྱུ་གལ་ཆེ། དེ་གང་འདྲ་དགོས་ཞེ་ན་གཙོ་བོ་དོན་ཚན་གསུམ་ཚང་དགོས་ཀྱི་རེད། (དང་པོ་)༧གོང་ས་མཆོག་གི་བཀའ་དགོངས་བཞིན་སྤྱིར་རང་ཉིད་ཀྱི་མི་ཚེ་དང་ལྷག་པར་དུ་བོད་སྤྱི་དོན་དུ་སློབ་སྦྱོང་བྱ་རྒྱུ་དེ་རེད། (གཉིས་པ་)བོད་པའི་ལུགས་སྲོལ་དང་གོམས་གཤིས་རྣམས་བོད་ཀྱི་གཞོན་སྐྱེས་གཙོ་བོར་བྱས་པའི་བོད་མིང་ཐོག་ཚད་ཀྱི་སེམས་ཁམས་སུ་གཏིང་ཟབ་དང་རྒྱ་ཆེ་རུ་བསྐྲུན་དགོས། (གསུམ་པ) རྒས་གཞོན་ཁྱད་མེད་བོད་མི་ཀུན་གྱི་རྡོག་རྩ་གཅིག་སྒྲིལ་ཐོག་ནས་བོད་ཡིག་དང་བོད་སྐད་བེད་སྤྱོད་གཏང་དགོས། སྤྱིར་རང་ནུས་གང་ཡོད་ཀྱི་བོད་དོན་བསྒྲུབས་པ་ལ་རྗེས་སུ་ཡིད་རང་དང་བསྔགས་བརྗོད་ཡོད་མོད། འོན་ཀྱང་འདི་གསུམ་ནི་བོད་མི་ཡིན་ནས་བཟུང་ཏེ་ཆེས་མེད་དུ་མི་རུང་བའི་གལ་ཆེན་ནང་གི་དོན་ཆེན་ཞིག་ལ་སེམས་ཀྱིན་ཡོད། ༢༠༡༢/༣/༣༠/ཉིན་