དགའ་ཤར་སློབ་གྲྭའི་ཞབས་རིམ་གསོག་སྒྲུབ།
ཟླ་འདིའི་ཚེས་༢༥ ཉིན་གྱི་དགོང་མོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གདན་ས་ཆེན་པོ་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭའི་གོ་སྒྲིག་འོག དགའ་ཤར་གྲྭ་ཚང་གི་འདུ་ཁང་དང་སློབ་ཁང་བཅས་སུ་ཉིན་གསུམ་རིང་ཞབས་རིམ་གསོག་སྒྲུབ་བྱེད་བཞིན་ཡོད་པ་རེད།
དེའི་སྐོར་དགའ་ཤར་སློབ་སྤྱི་བྱང་ཆུབ་ལགས་སུ་བཅར་འདྲི་ཞུ་པར། སྤྱིར་བཏང་ཡིན་ན་ལོ་ལྟར་དགའ་ལྡན་ཤར་རྩེ་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་གྲུབ་རྗེས་སུ་ཉིན་གསུམ་རིང་ཐུགས་སྤྲོ་གཏོང་གི་ཡོད་ན་ཡང་། ཕྱི་ལོ་༢༠༠༨ ནས་བཟུང་བོད་ནང་གི་གནས་སྟངས་ཉིན་རེ་ནས་ཛ་དྲག་ཆགས་ཀྱི་ཡོད་པར་བརྟེན། ད་ལོ་སློབ་ཕྲུག་ཚོའི་མ་བསྐུལ་དང་བླངས་ཐོག་འདི་ལོའི་སྤྲོ་སྐྱིད་ཀྱི་ཚབ་ཏུ་ཉིན་གསུམ་རིང་བོད་བསྟན་སྲིད་སྤྱིའི་ཆེད་དུ་སྐུ་ལུས་མཆོད་མེར་ཕུལ་བའི་འདས་གསོན་ཡོངས་ཀྱི་ཆེད་དུ་བསྔོ་སྨོན་དང་།
ད་ལྟ་རྒྱ་གཞུང་གིས་གདུག་རྩུབ་འོག་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པ་ཚོར་གདུང་སེམས་མཉམ་བསྐྱེད་བཅས་ཀྱི་ཆེད་དུ་ཡིན། དེ་བཞིན་༧གོང་ས་མཆོག་གི་སྐུ་ཕྱྭ་ཞབས་རིམ་ཆེད་དུ་རྒྱལ་བའི་མཚན་སྔགས་དང་། གསུང་བྱིན་བདེན་པའི་རྔ་སྒྲ མཧཱ་གུ་རུའི་ཐུགས་དམ་གནད་བསྐུལ། བདེན་ཚིག་སྨོན་ལམ། བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ་བཅས་ཉིན་གསུམ་གྱི་རིང་གསོག་སྒྲུབ་ཞུ་རྒྱུ་ཡིན། དུས་ཚོད་དེ་ཡང་དེ་རིང་༧གོང་ས་མཆོག་གི་སྐུའི་བླ་གཟའ་དང་༧པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུང་སྐར་གཉིས་དང་སྟབས་བསྟུན་ནས་གོ་སྒྲིག་བྱས་པ་ཡིན་ལ། ཐོག་མའི་ཆར་སློབ་ཕྲུག་གཅིག་པུ་འཚོག་གཏན་ཁེལ་ཡང་། དེ་རིང་ཞབས་རིམ་དངོས་སུ་འགོ་འཛུགས་སྐབས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་འདུན་པ་ཡོངས་འདུ་ཁང་གཉིས་ཀྱི་ནང་འཚོགས་ནས་ཞབས་རིམ་གསོག་སྒྲུབ་བྱེད་བཞིན་ཡོད་ཅེས་སོགས་ངོ་སྤྲོད་བྱས་སོང་།
མོན་གྷོ་གསར་འགོད་པས།