མི་རྐྱང་གླེང་བ།

ཅི་ཡང་མེད་པའི་མི་རྐྱང་། ཅི་ཡང་མེད་པའི་ཕོ་སྒོ། ཕ་མས་གནང་བའི་ཁྱིམ་གཞིས་དྲོད་མོ་ཡང་བརླགས་སོང་། ཤེས་འབྱོར་དང་གཡུ་བྱུར་མེད་ལ་བུ་མེད་དང་འཇོན་ཐང་ཡང་མེད། ཅི་ཡང་མེད་པའི་མི་རྐྱང་གཅེར་བུ་མི་ཚོགས་ཀྱི་གྲས་སུ་ཚུད་ཐབས་དཀའ་ལ་མི་ཚོགས་ཀྱི་གྲས་ནས་ཐར་ཡང་དཀའ། ཅི་ཡང་ཡོད་པའི་འཇིན་རྟེན་འདིར་ན་ཅི་ཡང་མེད་པའི་མི་རྐྱང་ལྟ་བུ་ཞིག་ཡིན་པ་ད་ལྟ་ད་དུང་རྟོགས་ཐབས་བྲལ།

འདི་ནི་མི་རྐྱང་གིས་ཆེས་བཟོད་དཀའ་བའི་སྡུག་བསྔལ་རེད་ལ། ཆེས་ཤེས་རྟོགས་དཀའ་བའི་གསང་བ་ཞིག་རེད། མི་རྐྱང་ལ་ཕ་མས་གནང་བའི་ཁྱིམ་གཞིས་དྲོད་མོ་དེ་བསྐྱུར་ཏེ་བགྲང་བྱ་དུས་རིང་དེ་ལ་ཕྱིར་ཡུལ་དུ་འཚོ་གནས་བྱེད་ནས་ཕྱིར་མིག་ཞིག་འཕང་དུས་རང་ཉིད་ཀྱི་མགོ་ནས་མཇུག་བར་དང་སྙིང་གློ་མཆིན་གསུམ་གྱི་རྩ་ལམ་རེ་རེ་མྱུལ་ཏེ་དཔྱད་ཞིབ་དུ་ཉན་ཀྱང་ཡོད་ཚད་ཁུ་སིམ་མེད་འདུག་  ངོ་མ་དྲན་མྱུར་བ་ནི་ཁྱིམ་གཞིས་དྲོད་མོ་རེད་ལ། བརྗེད་དཀའ་ཡང་ཁྱིམ་གཞིས་དེ་རེད། རང་ཉིད་མི་ཡུལ་ལ་ཅི་ཡང་མེད་པའི་མི་རྐྱང་ཞིག་ཆགས་དུས་དངོས་གནས་འཇིག་རྟེན་དུ་བསྡད་དཀའ་བའི་སྣང་བ་ཞིག་ཀྱང་སྐྱེས་མྱོང་།