པཎ་ཆེན་ཐམས་ཅད་མཁྱེན་པའི་རྗེས་དྲན་ཡིད་ཀྱི་སྨྲེ་ངག
སེར་སྨད་དགེ་བཤེས་ལྷ་རམས་པ་ཡང་སྟེང་སྤྲུལ་སྐུ།
༄༅།།བདེ་ཅན་ཞིང་ནས་གངས་ཅན་བོད་དུ་སྐར་མདའ་བཞིན་དུ་བྱོན་པ་ཡི། །
རྒྱལ་བའི་དབང་པོ་འོད་ཟེར་དཔག་མེད་པཎ་ཆེན་སྙིང་གི་ནོར་བུ་ལགས། །
ད་སྟེ་ཁྱེད་ཉིད་ཞི་བར་གཤེགས་ཏེ་ལོ་གྲངས་ཉེར་གསུམ་ཙམ་ཞིག་ཐལ། །
འོང་ཏང་བདག་གི་ཁོག་པའི་སྙིང་དུ་ཁྱེད་ཉིད་ཁ་སང་བཞིན་དུ་བཞུགས། །
གྱ་བདུན་ལོ་རུ་མགོན་པོ་ཁྱེད་ཉིད་བོད་ཁམས་ཤར་ཕྱོགས་འདབ་ཡུལ་དུ། །
དགྱེས་བརྩེས་གཟིགས་པས་ཞབས་ཟུང་འཁོར་ལོ་དཀའ་བ་སྟོང་གིས་སྒྱུར་བ་ན། །
ཁྱེད་ཀྱི་ཞལ་རས་ཉ་གང་ཟླ་བས་འཛུམ་དམུལ་དམུལ་གྱི་དགྱེས་ཉམས་བཅས། །
བྱམས་བརྩེ་ཕྱག་གིས་བདག་གིས་མགོ་བོར་རེག་པར་མཛད་པ་ཡིད་ལ་དྲན། །
བོད་རྒྱའི་ཆབ་སྲིད་རླུང་འཚུབ་དཀྱིལ་དུ་ཁྱེད་ལ་རྒྱ་ཕྲུག་མིང་གིས་སྨོད། །
བོད་ཀྱི་དཀའ་སྡུག་བཟོད་པར་མ་ནུས་ཡིག་འབྲུ་ཁྲི་བདུན་སྙན་ཞུ་བྲིས། །
གསར་བརྗེར་ངོ་ལོག་རྒོལ་རྡུང་ཁྲོད་དུ་ཁྱེད་ཉིད་ཕབ་ནས་འཐབ་འཛིང་བྱས། །
འདོམས་གང་མུན་ནག་ཁང་ཆུང་ནང་དུ་ལོ་ངོ་དགུ་ལ་བཙོན་དུ་བཅུག །
འཛམ་གླིང་སྤྱི་ཡི་དུས་འགྱུར་འགྲོས་ནས་ཁྱེད་ལ་འགྲོ་སྡོད་ཆོག་མཆན་ཐོབ། །
བློ་མིག་ཡངས་པའི་དཔོན་པོས་སྐྱོར་ནས་ཁྱེད་ལ་གོ་མིང་སླར་གསོ་བྱས། །
ཉམ་ཆུང་འབངས་ལ་ཁྲི་ཆེན་སྟེང་ནས་ཁོག་སྟོང་འགྱིང་ཉམས་ཁྱེད་ལ་མེད། །
སླར་ཡང་བོད་ཀྱི་སྡུག་རེ་རེ་ཕྱག་མཛུབ་ཀེར་ནས་བགྲངས་པར་མཛད། །
བོད་ཀྱི་རིག་གཞུང་ཉམས་པ་གསོ་བའི་ཐབས་ཚུལ་དུས་དྲུག་འཁོར་མོར་སེམས། །
རྒྱ་ཡི་དཔོན་པོར་མཐེ་བོང་འཕྱུར་ནས་རེས་འགར་འཇམ་པོས་སྐུ་མཁྱེན་ཞུ། །
རེས་འགར་སྙིང་སྟོབས་ཞུམ་པ་མེད་པས་ཁུར་ཚུར་དྲག་པོས་མདུན་དུ་བརྡབ། །
དམར་པོའི་གཞུང་གི་དཔོན་ཆེན་མདུན་དུ་ངར་སྐད་ཕྱུང་ནས་གནས་ལུགས་བསྒྲགས། །
གུང་ཁྲན་གཞུང་གི་སྲིད་ཇུས་གསར་པའི་འགྱུར་འགྲོས་བར་ན་ཁྱེད་ཉིད་ཀྱིས། །
མདོ་དབུས་ཁམས་གསུམ་བོད་ཕྲུག་སྟོང་གི་མ་འོངས་མདུན་ལམ་ལྷམ་མེར་སྟོན། །
ཕ་ནོར་སྐད་ཡིག་ནུབ་པ་མེད་པའི་སློབ་གྲྭ་སྟོང་གི་སྒོ་འཕར་ཕྱེ། །
རིག་གཞུང་ཆ་ལག་ཀུན་ནས་རྒྱས་ཕྱིར་ཐབས་ཇུས་སྟོང་གི་བཀའ་སློབ་ཕེབས། །
དམར་པོའི་གཞུང་གི་དཔོན་ཆེན་མདུན་སར་ད་དུང་ཁྱེད་ཀྱིས་འདི་ལྟར་བསྒྲགས། །
རོགས་སྐྱོར་དངུལ་དང་གཏོར་བཤིག་སྡུར་ཚེ་གཏོར་བཤིག་དེ་བས་ཆེ་ཞེས་གསུངས། །
ཐའི་ཝོན་ཕྱོགས་ལ་ཇི་ཙམ་འོས་པ་ང་ཚོ་བོད་ལའང་ལོས་དགོས་གསུངས། །
ཆོལ་གསུམ་གཅིག་སྒྲིལ་རང་སྐྱོང་དགོས་པ་ཁ་བྲལ་བྱ་བ་མིན་ཞེས་གསུངས། །
ཀྱེ་མ་གངས་ཅན་འགྲོ་བའི་བླ་མ་པཎ་ཆེན་སྙིང་གི་ནོར་བུ་ལགས། །
དེང་དུས་རྒྱ་ཡི་དཔོན་ཆེན་གོ་སར་མིང་གིས་འགྱིང་བའི་རང་རིགས་ཚོའི། །
འབངས་ཀྱི་བདེ་སྡུག་རྒྱབ་ཏུ་དོར་ནས་རྐུབ་སྟེགས་ཙམ་ལ་འཐམས་པ་འདི། །
ཡང་ཡང་མཐོང་ཚེ་ཁྱེད་ཉིད་དྲན་པའི་གདུང་བ་ས་སྟེང་འདིར་མི་ཤོང་། །
བོད་འབངས་བསོད་ནམས་མཐུ་ཡིས་མ་འཁྱོགས་ཀྱེ་མ་ཁྱེད་ཉིད་གྱ་དགུ་ལོར། །
སུ་དང་གང་གིས་མ་བསམ་ས་ནས་གངས་རིའི་ཞིང་གི་མཁའ་དབྱིངས་ནས། །
འོག་མིན་བདེ་ཅན་ཆོས་ཀྱི་གྲོང་དུ་གློ་བུར་གཤེགས་པའི་གཏམ་ངན་འདིས། །
དེང་ཡང་བདག་སྙིང་ཚལ་པར་གས་ནས་ཁྱེད་ལ་འོ་དོད་གདུང་དབྱངས་ཐལ། །
སྔོན་ཚེ་རྒྱལ་སྲས་སྤྱན་མི་འཛུམ་པར་དཔུང་རོགས་དམ་བཅའ་བརྗེད་དམ་ཅི། །
གངས་ཅན་ཞིང་འདི་ཕྱག་ཏུ་བཟུང་བར་འགྱུར་མེད་ཞལ་བཞེས་བསྙིལ་ལམ་ཅི། །
སྙིགས་ལྔའི་རང་མདངས་ལྷག་པར་བདོ་བར་ཁྱེད་ཐུགས་ཞུམ་པར་འགྱུར་ལགས་གྲང་། །
བདག་ཅག་བྱམས་བརྩེའི་པང་ནས་དོར་བ་ཁྱེད་ཀྱིས་ཐུགས་དགོངས་ཅི་ཞིག་ལགས། །
ཅེས་པ་འདི་ནི་སེར་སྨད་དགེ་བཤེས་ལྷ་རམས་པ་ཡང་སྟེང་སྤྲུལ་སྐུ་ནས་པཎ་ཆེན་ཆུང་སྲིད་མཆོག་གི་འཁྲུངས་སྐར་ལ་ཕུལ་བའོ། ༢༠༡༢ ཟླ་ ༤ ཚེས་ ༢༧ ལ། །