ཅི་ཇིའི་འཇུག་ཚུལ་ལ་དཔྱད་པ།

གང་གིས་ལེགས་གསུངས་འཇིག་རྟེན་མིག་གཅིག་པུ།།
མིང་ཚིག་བརྗོད་པའི་ཕྱི་མོ་སུམ་ཅུ་པར།།
ཅི་ཙམ་བརྟགས་ཀྱང་ཚན་རིག་རིག་པ་བཞིན།། 
བསམ་བརྗོད་ཡུལ་ལ་ཚད་འཛིན་མ་མཆིས་སོ།།

དྲ་གྲོགས་ཚོས་འདི་བཀླགས་རྗེས་བཟང་ངན་གྱི་དགོངས་ཚུལ་གང་མང་གསུངས་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

བོད་རིགས་ལ་ལ་རྒྱ་དང་།  རྒྱལ་གཅེས་ཀྱི་བསམ་བློ་དང་ལྡན་པ་ཞིག་ཡིན་ཕྱིན།  བོད་ཆས་གྱོན་ཞིང་བོད་ཟས་ཟ་བ།  བོད་སྐད་རྒྱག་ཅིང་བོད་ཡིག་འབྲི་དགོས་པ་ནི་སྨོད་མེད་ཡིན།  དེ་ལས་ཀྱང་གལ་ཆེ་ཞིང་།  དང་དོ་བྱེད་དགོས་པ་ཞིག་ནི་བོད་ཡིག་འབྲི་སྐབས་ཡིག་གཟུགས་ལེགས་པ།  མགྱོགས་པ།  སྙོམས་པ།  དག་པ་བཅས་དགོས་གལ་ཆེ་ལ།  དེའི་ནང་ནས་ཀྱང་ཡི་གེ་དག་པ་ནི་གཙུག་གི་ནོར་བུ་དང་།  མཆོད་རྟེན་གྱི་ཏོག  སྒང་ངའི་ནང་གི་སེར་རིལ་བཞིན་ཡིན་པ་དང་།  དེ་ཡང་ཡིན་ཏེ།  རྗེ་བདག་ཉིད་ཆེན་པོའི་སྙན་དངགས་དགེ་རྒན་ས་བཟང་མ་ཏི་པཎ་ཆེན་གྱིས། 
ལེགས་པ་བས་ཀྱང་མགྱོགས་པ་གཙོ།  །
མགྱོགས་པ་བས་ཀྱང་སྙོམས་པ་གཙོ།  །
སྙོམས་པ་བས་ཀྱང་དག་པ་གཙོ།  །
དེས་ན་དག་པ་གཙོ་པ་གཙོ་བ་ཡིན།  །
ཞེས་ལེགས་བཤད་རྨད་དུ་བྱུང་བ་དེ་དག་གིས་ལེགས་པར་བསྟན་ཡོད་པ་ཡིན་ཡང་།  དེང་སང་དུས་དེབ་དང་། ཚགས་པར།  སྒྲུང་དེབ།  བྱིས་པའི་བརྙན་དེབ།  ལྷག་པར་དུ་དྲ་རྒྱ་ཐོག་ཡི་གེ་མ་དག་པ་ནི་ནམ་མཁའི་སྐར་མ་བཞིན་མང་བ་སྣང་།  ཡི་གེ་དག་པ་ལ་མཐོང་མེད་ཅིང་ཡིག་ནོར་ལ་ངོ་ཚ་ཁྲལ་མེད་པའི་དྲ་འཛུལ་བ་ཇེ་མང་ནས་ཇེ་མང་འགྲོ་བཞིན་ཡོད་པ་གཟུར་གནས་བློ་ལྡན་དག་གིས་མཁྱེན་གསལ་རེད།  མི་ཚོགས་སུ་ཁ་ནས་སྐད་ཆ་བཤད་པར་གཟབ་གཟབ་བྱེད་དགོས་པ་བཞིན་ཡིག་ཐོག་འབྲི་སྐབས་ཀྱང་བརྡ་དག་ལ་དོ་སྣང་མེད་པ་དེ་ཡང་ཡ་མཚན་པ་ཞིག་རེད།  དེས་ན།  གཏོང་ཡིག་དང་།  སྙན་ཞུ།  ཚགས་པར།  སྒྲུང་ཡིག་སོགས་སུ་སྤྱིར་ཕྲད་སྦྱོར་དང་བྱ་ཚིག་མིང་ཚིག་བཅས་ཚོགས་གསུམ་སྤྱོད་སྟངས་ཐད་ནོར་བ་གཞན་ཡང་ཡོད་མོད་ཀྱི།  ཅི་དང་ཇིའི་འཇུག་ཚུལ་ལ་དོ་སྣང་མེད་པར་སྣང་བ་གང་ཤར་གྱི་བྲིས་པ་ཇེ་མང་ནས་ཇེ་མང་དུ་སོང་དང་འགྲོ་བཞིན་ཡོད་པ་ནི་སྐད་ཡིག་ཉམ་དམས་སུ་གཏོང་བའི་སྔ་ལྟས་སུ་མཐོང་།  ཁོ་བོས་སྔ་ས་ཞིག་ནས་དེའི་སྐོར་ལ་དོ་སྣང་བྱུང་བ་མ་ཟད་ཞེན་སྐུལ་གྱི་རྩོམ་ཡིག་ཅིག་ཀྱང་སྤེལ་དགོས་སྙམ་པ་ཐེངས་མང་བྱུང་ཡང་ལེ་ལོས་ནར་འགྱངས་སུ་ལུས།  ཉེ་ཆར་དྲ་རྒྱ་ཐོག་བཙན་བྱོལ་དུ་རྩོམ་པ་པོ་དང་ཉམས་ཞིབ་པ་དགེ་རྒན་གྱི་མཚན་གནས་ཡོད་པ་ང་ཡིན་ཟེར་མཁན་འགས་ཀྱང་ཅི་ཇི་གཉིས་ལ་ཐུགས་མཉམ་པར་མ་བཞག་པའམ་ཡང་ན་མ་ཤེས་པར་གང་ཡིན་གང་ལྟར་སྦྱོར་ནོར་ཤོར་བ་མང་དག་ཅིག་མཐོང་བས་སེམས་ཀྱིས་མ་བཟོད་པར་རྩོམ་ཡིག་འདི་འབྲི་འགོ་བརྩམ་པའོ།།
  ཅི་དང་ཇི་ནི་སྤྱི་སྒྲ་ཡིན་ཞིང་གང་སྒྲ་དང་ཕལ་ཆེར་འཇུག་པ་མཚུངས་པ་ཡིན་སྟབས་སུམ་ཅུ་པའི་གཞུང་རྣམས་སུ་གང་སྒྲ་བཤད་པ་ལས་འཕྲོས་བཤད་བགྱིས་པ་ཤ་སྟག་ལས་སུམ་པའི་རྩ་བ་ནང་དུ་བསྟན་མེད་དེ།  སུམ་ཅུ་པ་ལས། 
གང་མིང་བརྗོད་པའི་དང་པོ་རུ།  །
དང་པོ་ལ་ནི་གཉིས་པ་སྦྱར།  །
སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར།  །
ཞེས་གསུངས་པ་ལས་དངོས་ཤུགས་གང་དུ་ཡང་བསྟན་མེད་པ་གསལ་པོ་སྣང་ཡང་།  སུམ་རྟགས་དཀའ་འགྲེལ་དུ།  ཤུགས་བསྟན་ཅི་དང་ཇི་དང་སུ།  །ཞེས་འབྱུང་བས་བློ་གྲོས་དང་ལྡན་པ་དག་གིས་བརྟག་པར་འཚལ།  ལེགས་བཤད་ལྗོན་དབང་ལས། 
ཅི་ཇི་སུ་གང་སྤྱི་སྒྲ་སྟེ།  །
ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི།  །
སྙེད་སྲིད་ལྟར་བཞིན་སྐད་ལ་ཇི།  །
ཞེས་གསལ་པོར་གསུངས་ཡོད།  དེའི་ཐད་སྨྲ་སྒོ་མཚོན་ཆ་ལས། 
ཅི་ལ་སོགས་པ་དེ་བཞིན་ཏེ།།
ཁྱབ་པ་སྐབས་ཀྱིས་བརྩི་བར་བྱ།།
ཞེས་དང་།  ཡང་།  ཐོན་མིའི་ཞལ་ལུང་དུ།  དྲི་བའི་དོན་དུ་ཅི་དང་།  དཔེ་ལ་ཇི་དང་།  ཞེས་དང་ཡང་།  ཅི་ཞིག   ཅི་སྟེ།  ཅི་སླད།  ཅི་འདྲ།  ཅི་ཕྱིར་སོགས་ལ་ཅ་རིལ་གྱི་ཅི་དང་།  ཇི་སྙེད།  ཇི་སྲིད།  ཇི་སྐད་ལྟ་བུ་དཔེ་མིན་ན་ཡང་ཇ་ཟེད་ཀྱི་ཇི་ཐོབ་པ་དང་།  ཕྱི་མ་དཔེ་རང་མཚན་པ་ཡིན་པའི་ཁྱད་པར་སོགས་ཀུ་ཤའི་རྩེ་ལྟར་མ་འདྲེས་པར་ཕྱེད་པ་གལ་ཆེ་སྟེ།  དེ་ལྟ་མ་ཡིན་ན་དཔེ་མ་དག་པ་རྣམས་སུ་ཅི་དང་ཇིའི་ཁྱད་པར་མ་ཕྱེད་པ་ཤིན་ཏུ་མང་པོ་དག་མཐོང་རྒྱུ་ཡོད་པའི་ཕྱིར་རོ།  །ཞེས་གསུངས་ཤིང་།  བློ་གསལ་འཇུག་ངོགས་སུ།  ཅི་སྒྲ་ནི་དོན་བརྗོད་པའི་སྤྱི་སྒྲ་སྟེ།  དཔེར་ན།  དོན་ཅི་ལ་འོང་།  ཅི་དགོས།  ཅི་ཡིན་རུང་།  ཅི་ཡོད།  ཅིའི་ཕྱིར།  ལྟ་བུ་དང་།  ཇི་སྒྲ་ནི་དཔེ་བརྗོད་པའི་སྤྱི་སྒྲ་སྟེ།  དཔེར་ན།  ཕ་ཡུལ་ཇི་འདྲ་ཡིན།  ཇི་ལྟར་ཡིན་རུང་།  ཁྱོད་ཇི་འདྲ་བ་དེ་འདྲར་ལྟ་བུ་འོ།  །ཞེས་གསུངས།  གསལ་བའི་སྒྲོན་མེ་ལས།  ད་དུང་འདིར་མ་བསྟན་པའི་ཅི་དང་ཇིའི་འཇུག་ཡུལ་དུ་མ་མཆིས་ཏེ།  དཔེར་ན།  ཅི་ཡོད།  ཅི་ཙམ།  ཅི་མཆིས།  ཅི་བཤད་སོགས་ལ་ཅི་དང་ཇི་སྣ་ཚོགས་པ་ཞིག་བྲིས་འདུག་ཀྱང་ཞིབ་ཏུ་བརྟགས་ཚེ། ཅི་ཡོད་ལྟ་བུར་ཆ་མཚོན་ན།  ཅི་ཞིག་ཡོད་དང་ཅི་འདྲ་ཡོད་ཅེས་པའི་དོན་ཡིན་ན་ཅི་འཐོབ་ཅིང་། ཇི་ལྟ་བ་ཡོད་ཅེས་པའི་དོན་བསྡུསཔ་ཡིན་ན་ཇི་འཐོབ་པ་སོགས་སྐབས་ཐོབ་ཀྱི་དོན་ལ་བརྟགས་ཏེ་འབྲི་དགོས་པ་ལས་མ་དག་རྒྱུན་འབྱམས་ལ་ཆ་བཞག་སྟེ་འབྲི་མི་རུང་སྙམ།  ཞེས་གསུངས་པ་དང་།  རིག་པའི་གསང་མཛོད་ལས། ཅི་ནི་དྲི་བར་འཇུག་པའི་སྤྱི་སྒྲ་དང་།  ཇི་ནི་དཔེ་ལ་འཇུག་པའི་སྤྱི་སྒྲ་དང་།  ཞེས་གསུངས་པའང་ལེགས་བཤད་དུ་མཐོང་།  གོང་གསལ་ལེགས་བཤད་ལྗོན་དབང་ནས་གསུངས་པའི་ཅི་ཞིག  ཅི་སྟེ།  ཅི་སླད།  ཅི་འདྲ།  ཅིའི་ཕྱིར།  ཇི་སྙེད།  ཇི་སྲིད།  ཇི་ལྟར།  ཇི་བཞིན།  ཇི་སྐད་སོགས་ཀྱི་དོན་ནི་སུམ་རྟགས་ཀྱི་གཞུང་ཁག་ཏུ་གསལ་བར་གསུངས་ཡོད་པས་བསྐྱར་ཟློས་བྱེད་པའི་དགོས་པ་མ་མཐོང་ལ།  དེ་རུ་མ་གཏོགས་པ་དཔེར་ན།  ཅི་དགོས།  ཅི་ཤེས།   ཅི་ཟེར།  ཅི་བཤད།  ཅི་བྱེད།  ཅི་མཁྱེན།  ཅི་རེད།  ཅི་སོང་།  ཅི་ལྷག  ཅི་མཆིས། ཅི་གནས།  ཅི་མཐོང་།  ཅི་ཟ། ཅི་འཐུང་།  ཅི་གྱོན།  ཅི་འདོགས།  ཅི་བཤམས།  ཅི་བསྟན།  ཅི་ལྷུང་།  ཅི་འབར།  ཅི་ཚིག  ཅི་ཤི།  ཅི་སྐྱེས།  ཅི་འཁྲུངས།  ཅི་དགའ།  ཅི་འགྱུར།  ཅི་འོང་། ཅི་ལེན།  ཅི་འཚོལ།  ཅི་ལྟ།  ཅི་འཛིན།  ཅི་གཡུག  ཅི་བླུག  ཅི་ཉོ།  ཅི་གཅོད།  ཅི་འབྲི།  ཅི་སྒོམ།  ཅི་བསམ།  ཅི་ཐོས། ཅི་སྒྲུབ།  ཅི་ཐོབ་སོགས་ལ་གོང་དུ་མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་སུམ་ཅུ་པའི་རྣམ་བཤད་གསལ་བའི་སྒྲོན་མེར་གསུངས་པ་བཞིན་ཅི་ཞེས་པའི་ཕྲད་དང་ཕྲད་འཇུག་ཡུལ་གྱི་བྱ་ཚིག་དེ་གཉིས་ཀྱི་བར་དུ་ཞིག་དང་འདྲ་སོགས་འཇུག་ཏུ་རུང་ན་ཅི་འབྲི་དགོས་ལ།  དེ་མིན་བར་ལྟར་དང་བཞིན་སོགས་འཇུག་རུང་ན་ཇི་སྦྱོར་དགོས་པ་སྐབས་བབ་ཀྱི་དོན་གཞིགས་ཏེ་སྦྱར་དགོས་པ་ལས་བྱིས་པའི་རི་མོ་བཞིན་ཅི་འདོད་འབྲི་རུང་བ་ཞིག་མིན་པས་ཐལ་བས་གཡོག་པའི་མེ་དོང་བཞིན་དུ་གཟབ་པར་མཛོད།  ཡང་ཅི་རུང་།  ཅི་ནུས།  ཅི་རིགས།  ཅི་ཙམ། ཅི་ཡང་སོགས་དེ་འདྲ་རིགས་ལ་ཞིག་འདྲ་སོགས་མི་འཇུག་ཀྱང་དོན་གྱིས་ཐོབ་པ་དང་།   ཡང་།  ཅི་དང་ཇིའི་དོན་ནི་གོང་གསལ་དྲངས་པ་ཁག་ལ་བལྟས་ཏེ་བཤད་ན།  དྲི་བ་དང་འབྲེལ་བའི་སྤྱི་སྒྲ་ཕལ་ཆེར་ལ་ཅི་སྦྱོར་དགོས་པ་དང་།  ཚད་འཛིན་དང་།  དཔེ་ལ་འབྲེལ་བ་ཡོད་པའི་སྤྱི་སྒྲར་ཇི་ཞེས་བཀོད་ན་ད་གཟོད་ཅི་དང་ཇིའི་འཇུག་ལྡོག་ཚུལ་བཞིན་དུ་སྤྱོད་ཤེས་པ་ཐེ་ཚོམ་མི་དགོས་པས་བོད་ལ་གཅེས་པ་རྣམས་ཀྱིས་ཁ་དང་ཁ་སྤུ་བཞིན་མ་འདྲེས་པར་གསལ་བར་མཁྱེན་པའི་ཐབས་ལ་ཅི་ནུས་སུ་འབད་འཚལ་ལོ།།      །།
སྨྲས་པ།  
ཚུལ་འདི་བོད་ཀྱི་བརྡ་སྤྲོད་སུམ་རྟགས་གཞུང་།།
ཡང་ཡང་སྦྱངས་པའི་འབྲས་རྟགས་ཡང་དག་ཏུ།།
ཅི་ཇི་འཇུག་ཚུལ་ཨང་རྩིས་བརྩིས་འབྲས་བཞིན།།
མ་ནོར་གསལ་བར་བསྟན་ཡོད་གཟིགས་མོར་གྱིས།།

ཕྱི་ལོ་༢༠༡༢ཟླ་༠༤ཚེས་༢༢རེས་གཟའ་ཉི་མ་ཉིན་བྲིས།