སྐད་ཡིག་ཟབ་སྦྱོང་གི་དུས་ཡུན་དེ་རྒྱུན་མཐུད་དགོས་པ་རེད།
ཟླ་འདིའི་ཕྱི་ཚེས་༡༦ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག དཔེ་མཛོད་ཁང་གི་ཡང་སྟེང་དུ། ༢༠༡༢ ལོའི་བོད་ཀྱི་རིག་གཞུང་ཟབ་སྦྱོང་ཞེས་པའི་འཛིན་གྲྭ་ཞིག་འགོ་འཛུགས་བྱས་ཡོད་པ་དང་། དེར་འཛུལ་ཞུགས་བྱེད་མཁན་སློབ་མ་རེ་ལ་འཚོ་རྟེན་གྱི་ཆེད་ཧིན་སྒོར་༢༠༠༠ དང་།
ཁང་རིན་ཆེད་ཧིན་སྒོར་༡༠༠༠ བཅས་བསྡོམས་པའི་ཟླ་རེར་ཧིན་སྒོར་༣༠༠༠ ཐམ་པ་སྤྲད་ཀྱི་འདུག ཕྱི་ཚེས་༢༣ ཉིན་འདི་གའི་གསར་འགོད་པས། འཛིན་གྲྭ་དེའི་བརྡ་སྤྲོད་དགེ་རྒན་ན་ག་སངས་རྒྱས་བསྟན་དར་ལགས་སུ་དེའི་སྐོར་གྱི་བཅར་འདྲི་བྱས་ཡོད།
དྲི་བ། ཐོག་མར་ཟབ་སྦྱོང་འཛིན་གྲྭ་དེ་འཚོག་པའི་བརྒྱུད་རིམ་དང་དེའི་དམིགས་ཡུལ་མདོར་བསྡུས་ཤིག་ངོ་སྤྲོད་གནང་རོགས།ལན། དེའི་བརྒྱུད་རིམ་དེ་དཔེ་མཛོད་ཀྱི་ངོས་ནས་ག་དུས་ཁོམ་པ་ཡིན་ན་ཡང་། འདི་ལྟ་བུའི་ཟབ་སྦྱོང་ཞིག་གོ་སྒྲིག་བྱ་ཐུབ་ན་ཡག་པོ་འདུག་བསམ་གྱི་ཡོད་པར་བརྟེན། ལོ་ཁ་ཤས་སྔོན་ལ་བཙན་བྱོལ་ནང་སླེབས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་བྱས་པའི་སྐབས་སུ། ང་ཚོས་ཟླ་བ་གཉིས་ཀྱི་རིང་འདི་ལྟ་བུའི་ཟབ་སྦྱོང་ཞིག་གོ་སྒྲིག་བྱས་པ་རེད། སྐབས་དེར་ཡོང་མཁན་གྱི་སློབ་མ་ཚོར་ཕན་ཐོགས་པོ་བྱུང་སོང་བསམ་པ་བྱུང་། ཡིན་ན་ཡང་ལོ་རྟག་པར་བྱས་པ་ཡིན་ན་འཆར་ཅན་གྱི་བཟོ་འདྲ་བོ་ཞིག་ཆགས་འགྲོ་ཡི་འདུག དེ་ལྟར་མིན་པར་ལོ་ཁ་ཤས་ཀྱི་རྗེས་ལ། དེ་འདྲ་ཞིག་བྱུང་པ་ཡིན་ན་ཁག་ཅིག་ལ་ཕན་ས་རེད་བསམ་ནས། ཐེངས་འདིར་ཡང་སློབ་མ་༢༥ བསྡུ་རྒྱུ་ཡིན། དེ་ནས་སློབ་ཚན་ལ་ཆ་བཞག་ན་ལོ་རྒྱུས་དང་། ནང་ཆོས། བོད་ཀྱི་སྐད་ཡིག་ངོ་སྤྲོད་དེ་གསུམ་གཙོ་བོའི་ཐོག སྤྱིར་བཏང་གི་བསམ་བློ་གཏོང་ཕྱོགས་དེ་ཚོའི་ཐོག་ལ་ཡང་དགེ་རྒན་རྣམས་ཀྱིས་སློབ་ཁྲིད་བྱེད་ཀྱི་ཡོད་རེད།
དྲི་བ། ད་ལྟའི་ཆར་འཛིན་གྲྭ་དེར་སློབ་ཕྲུག་ག་ཚོད་ཅིག་ཡོད།
ལན། རྩ་བས་ང་ཚོས་སློབ་ཕྲུག་༢༥ བསྡུ་རྒྱུ་ཡིན་མོད། ཡིན་ན་ཡང་སྙན་ཞུ་རྒྱག་མཁན་༢༨ བྱུང་བ་རེད། དེར་བརྟེན། མཐར་ང་ཚོས་ཚང་མ་ལེན་རྒྱུ་བྱས་ཏེ་ད་ལྟའི་ཆར་སློབ་ཕྲུག་༢༨ ལ་གོ་སྐབས་སྤྲད་ཡོད། ཡིན་ན་ཡང་སློབ་ཕྲུག་ཚོས་ངེས་པར་དུ་བྱེད་དགོས་པ་གང་རེད་ཟེར་ན། ཟབ་སྦྱོང་གི་དུས་ཡུན་དེ་རྒྱུན་མཐུད་དགོས་ཀྱི་ཡོད་རེད།
དྲི་བ། འཛིན་གྲྭ་དེར་འཛུལ་ཞུགས་ཀྱི་ཆེད་སློབ་ཕྲུག་ཚོར་དམིགས་བསལ་གྱི་ཆ་རྐྱེན་གང་དགོས་ཀྱི་ཡོད་རེད།
ལན། སློབ་ཕྲུག་ཚོར་ཆ་རྐྱེན་གསུམ་ཚང་དགོས་ཀྱི་ཡོད་པ་རེད། དང་པོ་དེ་སོ་སོའི་ཉུང་མཐའི་བོད་ཀྱི་སྐད་ཡིག་གི་གནས་ཚད་དེ་འཛིན་གྲྭ་༨ པའི་ཤེས་ཚད་ངེས་པར་དུ་ཡོད་པ་དང། གཉིས་པ་དེ་བོད་མི་ཞིག་ཡིན་ཚེ་དེབ་ལྗང་ཁུའི་དཔྱ་ཁྲལ་དེ་༢༠༡༡ བར་དུ་སྤྲད་ཡོད་དགོས་པ་རེད། བོད་མི་མིན་ཚེ་སོ་སོའི་ངོ་སྤྲོད་ལག་ཁྱེར་དགོས་ཀྱི་ཡོད་པ། གསུམ་པ་དེ་སློབ་ཕྲུག་ཚོས་ཟབ་སྦྱོང་གི་དུས་ཡུན་ངེས་པར་དུ་རྒྱུན་མཐུད་དགོས་ཀྱི་ཡོད་པ་རེད།
དྲི་བ། སྐད་ཡིག་འཛིན་གྲྭ་འདི་འཚོག་པའི་བརྒྱུད་རིམ་དུ་དམིགས་བསལ་གྱི་དཀའ་ངལ་ག་རེ་འདུག
ལན། ད་ལྟའི་བར་དུ་དམིགས་བསལ་གྱི་དཀའ་ངལ་དེ་འདྲ་འཕྲད་མ་སོང། ཡིན་ན་ཡང་ང་ཚོའི་དམིགས་ཡུལ་ངོ་མ་དེ། འདིར་ཕེབས་པའི་སློབ་མ་ཚོའི་ནང་ནས་ཤེས་ཚད་སྐྱོ་བ་དང་། དེ་བཞིན་སློབ་གྲྭའི་དུས་ཡུན་མུ་མཐུད་མ་ཐུབ་མཁན་ཚོར། རོགས་པ་བྱས་ནས་ཤེས་ཚད་གོང་མཐོར་གཏོང་ཐབས་དེ་རེད། དེ་ལྟར་གཏོང་དགོས་པའི་རྒྱུ་མཚན་དེ་ཡང་སློབ་གྲྭའི་སྐབས་སློབ་སྦྱོང་ཡག་པོ་མ་བྱུང་བ་དང་། སློབ་གྲྭའི་དུས་ཡུན་ཡང་རྫོགས་ཚར་བ་ཡིན་པས། སློབ་སྦྱོང་གི་ལག་ཁྱེར་དེ་ཁྱེར་ནས་སྤྱི་ཚོགས་ནང་ལ་ལས་ཀ་བྱེད་མ་ཐུབ་ན་ཡང། བསམ་བློའི་གནས་ཚད་དེ་གོང་མཐོར་ཡོང་རྒྱུའི་ཆེད་དུ་བསམ་བློ་བཏང་བ་ཡིན།
དྲི་བ། འཛིན་གྲྭ་འདིའི་དུས་ཡུན་རྫོགས་མཚམས་ཡིག་ཚད་ཀྱི་ལམ་ནས་དམིགས་བསལ་གྱི་ལག་ཁྱེར་དེ་འདྲ་ཡོད་དམ།
ལན། དེ་ནམ་རྒྱུན་སྤྲད་ཀྱི་ཡོད་པ་རེད། ད་ལོར་ཡང་ཕལ་ཆེར་སྤྲད་ཀྱི་རེད། ཐབས་ཤེས་བྱེད་ཀྱི་ཡིན། ཡིན་ན་ཡང་དེ་ང་ཚོའི་ངོས་ནས་གལ་ཆེན་པོར་བརྩི་ཡི་མེད། ཡིན་ན་ཡང་ཟླ་བ་གཉིས་ཀྱི་རིང་ཁོང་ཚོའི་བསམ་བློའི་འཚར་ལོངས་ལ་ཏན་ཏན་ཕན་ཐོགས་ཡོང་གི་རེད། ང་ཚོའི་འཛིན་གྲྭའི་སྒྲིག་གཞི་དེ་ཡང་སློབ་གྲྭ་ནང་བཞིན་གྱི་རྒན་བདག་དགོས་ཀྱི་མ་རེད། སློབ་ཕྲུག་ཚང་མས་ཁྲིམས་རང་ཁུར་དང་སྡོམ་པ་རང་སྲུང་གིས་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། །
༢༡༢ ལོའི་ཕྱི་ཟླ་༤ ཚེས་༢༣ ལ་བཅར་འདྲི་བྱས།