རྒྱ་གཞུང་གི་སྙིང་ན་བའི་བོད་དོན།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༨༣ ཕྱི་ལོ་ ༢༠༡༢/༤/༢༥
རྒྱ་དམར་དྲག་པོའི་གཞུང་གི་དཔོན་རིགས་དག་གི་ཁ་རུ་དུས་རྒྱུན་འབྲལ་མེད་དུ་ཁྱེར་དང་འཁྱེར་བཞིན་པའི་བོད་དོན་དེ་མི་ལོ་༦༠ ལྷག་འདས་ཀྱང་ད་དུང་གསོན་པོར་གནས་ཡོད། དུས་རྒྱུན་རྒྱ་དམར་གྱི་དཔོན་རིགས་ཚོ་ཕྱིའི་དཔོན་རིགས་སུ་དང་མཇལ་འཕྲད་སྐབས་བོད་རྒྱ་མིའི་ཆ་ཤས་ཡིན་ཚུལ་བརྗོད་རྒྱུ་དེ་རྒྱ་དམར་གྱི་ལས་དོན་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད།
ཕྱིའི་རྒྱལ་ཁབ་ཁག་གིས་ཀྱང་བོད་དེ་རྒྱ་དམར་གྱིི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་རྒྱུར་ཁ་ཤས་ལ་དཀའ་ཁག་ཡོད་ཀྱང། རྒྱལ་ཁབ་ཀྱི་ཁེ་ཕན་ལ་ཐུག་དུས་དེ་ལྟར་ཁས་ལེན་བྱེད་བཞིན་ཡོད། རྒྱལ་ཁབ་ཁག་ཅིག་གི་དཔོན་རིགས་ཚོར་འཛེམས་ཟོན་གང་ཡང་མེད་པར་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་ལེན་བྱེད་བཞིན་ཡོད། འོན་ཀྱང་དེ་ནི་ད་ལྟའི་གནས་སྟངས་ཀྱི་ཆ་ནས་བཤད་པ་ཞིག་ཏུ་གོ་བ་བླངས་པ་ཡིན་ངེས།
རྒྱ་དམར་དྲག་གཞུང་གིས་སྐབས་མང་པོར་བོད་དོན་ཟེར་བ་མེད་པ་དང། ཏཱ་ལའི་རུ་ཚོགས་དང་རྒྱ་དམར་གཞུང་དབར་མདུང་རྩེ་ཁ་སྤྲོད་ཀྱི་འཐབ་རྩོད་ཁོ་ན་ཡིན་ཚུལ་གླེང་ཡང། དུས་རྒྱུན་གོང་དུ་བརྗོད་པ་བཞིན་བོད་དེ་རྒྱ་དམར་གྱི་ཆ་ཤས་ཡིན་ཚུལ་བརྗོད་དུ་འཇུག་བཞིན་ཡོད། དེ་ནི་དུས་རྒྱུན་རྒྱ་ནག་གཞུང་གི་སེམས་ནང་དུ་བོད་དོན་དེ་སྙིང་ནད་ཅིག་ཏུ་གྱུར་ཡོད་པ་གསལ་སྟོན་བྱས་པ་རེད། ད་ལྟ་རྒྱ་ནག་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པའི་ནང་ནས་གཙོ་ཆེ་ཤོས་དེ་བོད་རྒྱ་ཁོངས་ཡིན་ཞེས་བརྗོད་པ་ལས། ཧྲན་ཏུང་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་དང། ཧེ་ནན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་ལྟ་བུ་གཏན་ནས་བརྗོད་བཅུག་མྱོང་མེད་ལ། བརྗོད་དགོས་དོན་ཡང་མེད། དེར་བརྟེན་བོད་དོན་དེ་རྒྱ་ནག་གི་ས་ཁུལ་གཞན་དང་མི་འདྲ་བར་སེམས་ནང་ཁུར་པོ་རུ་གྱུར་ཡོད་པ་རེད།
དངོས་གནས་རྒྱ་དམར་གཞུང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་དང་མིན་དེ་གསལ་པོ་བཟོ་དགོས་ན། བོད་ནང་དུ་ཡོད་པའི་བོད་རིགས་མི་མང་ལ་རང་དབང་གི་ཐོག་ནས་བསམ་ཚུལ་བསྡུ་ལེན་གྱི་གོ་སྐབས་ཤིག་སྤྲད་ན་གསལ་པོ་ཤེས་རྟོགས་ཐུབ་པ་ཞིག་རེད། ཨ་རི་དང་རྒྱ་གར་སོགས་རྒྱལ་ཁབ་ཆེ་ཁག་རྣམས་ཀྱིས་ད་ཆ་སྲིད་འཛིན་ས་ཁུལ་གྱི་ཆ་ནས་བོད་རྒྱ་མིའི་ཁོངས་ཡིན་མིན་བརྗོད་མི་དགོས་པར། ད་ལྟའི་ཆར་བོད་རྒྱ་ནག་གིས་དབང་བསྒྱུར་བྱས་ནས་མི་འདོད་བཞིན་དུ་རྒྱ་ཁོངས་སུ་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་པ་དེ་བོད་པས་ཀྱང་ཁས་ལེན་མི་བྱེད་ཀ་མེད་རེད། རྒྱ་དམར་གཞུང་གིས་ཤེས་དགོས་པ་ནི་བོད་རིགས་མི་མང་གི་སེམས་ནང་དུ་འདས་པའི་དུས་སུ་བོད་རྒྱ་ཁོངས་ཡིན་མིན་དང། མ་འོངས་པར་རྒྱ་ཁོངས་བྱེད་འདོད་ཡོད་མེད་དེ་རེད།
བོད་དོན་དེ་རྒྱ་ནག་ནང་ཁུལ་ལས་རྒྱལ་སྤྱི་དང་འབྲེལ་བ་མེད་ཚུལ་བརྗོད་བཞིན་ཡོད་ཀྱང། རྒྱལ་སྤྱིའི་ནང་གི་དཔོན་རིགས་ཁག་དང་ཐུག་འཕྲད་སྐབས་ཨུ་ཚུགས་ཀྱིས་བོད་རྒྱ་མིའི་ཆ་ཤས་ཡིན་ཚུལ་བརྗོད་ནས་བོད་དོན་རྒྱལ་སྤྱིའི་གནད་དོན་དུ་སྒྱུར་བཞིན་ཡོད། ད་ཆ་ཧྥ་རན་སིའི་སྲིད་འཛིན་གྱི་འོས་མིའི་གྲས་སུ་ལངས་མཁན་ཕལ་ཆེ་བས་༧གོང་ས་མཆོག་དང་མཇལ་འཕྲད་བྱེད་རྒྱུ་ཡིན་ཚུལ་བསྒྲགས་པར་བརྟེན། རྒྱ་གཞུང་གིས་ཕྱི་ཚེས་༢༤ ཉིན་དེ་ལ་སྡུག་སྐད་ཤོར་དགོས་ཐུག་ཡོད། ཧྤ་རན་སིའི་སྲིད་འཛིན་འོས་མི་དག་གིས་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་ཁ་གསལ་མ་བསྟན་ན། འོས་ཤོག་མི་ཐོབ་པའི་ཚད་དུ་སླེབས་ཡོད་པ་རྒྱ་གཞུང་གི་སེམས་ནང་དངངས་སྐྲག་ཅིག་ཏུ་དེ་བས་ཀྱང་གྱུར་ཡོད།
གནད་དོན་འདི་དང་འདི་ལྟ་བུ་ཡོང་གི་ཡོད་པ་འདིའི་ཐོག་ནས་རྒྱལ་སྤྱིའི་ནང་གི་བོད་དོན་གནས་བབས་ཀྱི་རང་བཞིན་གསལ་པོ་མངོན་པ་རེད། རྒྱ་དམར་གཞུང་ལ་བདེན་པ་དང་སྤོབས་པ་ཆ་ཚང་ཡོད་ན་གོང་དུ་བརྗོད་པ་བཞིན་བོད་ནང་དུ་ཡོད་པའི་བོད་མི་རྣམས་ལ་འདས་པའི་ལོ་རྒྱུས་ནང་བོད་རྒྱ་ནག་གི་ཆ་ཤས་ཡིན་མིན་དང། མ་འོངས་པར་མུ་མཐུད་རྒྱ་གཞུང་གི་འོག་ཏུ་སྡོད་འདོད་ཡོད་མེད་དེ་བསམ་ཤོག་བསྡུ་ལེན་རང་དབང་དང་ལྡན་པ་ཞིག་བྱས་ནས། རྒྱ་གཞུང་ལ་རྒྱལ་ཁ་ཐོབ་སོང་ན་དུས་དེ་ནས་བཟུང་རྒྱལ་སྤྱིའི་ནང་ནས་བོད་དོན་ལ་དོ་སྣང་རང་བཞིན་གྱིས་ཆུང་དུ་འགྲོ་ངེས་པ་དང། བོད་དོན་ཐོག་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ་མཁན་རྣམས་ལའང་བསམ་བློ་གསར་པ་ཞིག་འཁོར་ངེས་པས། དེའི་ཐད་རྒྱ་གཞུང་ལ་བློ་ཁོག་དང་བདེན་པ་ཡོད་མེད་བལྟ་རན་པ་ཞིག་རེད།།