དེ་རིང་གི་ཚན་རིག་གི་འཆར་ཡན་ཁྱེད་དང་ལྷན་དུ་གླེང་།

བོད་དོན་གྱི་ཆབ་སྲིད་འཐབ་རྩོད་དེ་ཛ་དྲག་ཅན་དང་འཛམ་གླིང་རང་བཞིན་ཅན་དུ་གྱུར་ནས་མི་ཚང་མས་དོ་སྣང་གི་བློ་ཁ་དེ་ལ་ཕྱོགས་བཞིན་པའི་སྐབས་དེར་ངས་འདི་ནས་ཆབ་སྲིད་མ་ཡིན་པའི་སྡེ་ཚན་ཞིག་ཁྱེད་ཅག་གི་མདུན་དུ་ཁྱེར་ཡོང་ནས་ཐིབ་ཐིབ་ཞིག་བཤད་ཁུལ་བགྱིས་ཀྱང་ངས་ཁྱེད་ཅག་གི་བློ་ནས་དོ་སྣང་ཞིག་འབྱུང་རྒྱུ་ཡོད་པར་ཡེ་མ་སེམས།

 

འོན་ཀྱང་དོ་སྣང་འབྱུང་དང་མ་བྱུང་གྱི་རྒྱུ་མཚན་དེ་ཡི་ཐག་གཅོད་ནས་འགྲོ་བ་མིན་པར་སྐབས་སུ་བབ་པའི་དགོས་གལ་དུ་ཆེ་དང་མི་ཆེ་ལ་བལྟས་ནས་འཇུག་དགོས་པ་དེ་གལ་ཆེན་རང་བཞིན་ཅན་དུ་བདག་གིས་མཐོང་ནས་བྲིས་པ་ཡིན་བས་དཔྱོད་ལྡན་དག་གིས་དཔྱད་པར་ཞུ།

སྤྱིར་མི་ཞིག་གིས་དོ་སྣང་མ་བྱུང་ན་དགོས་གལ་ན་དུ་མི་བརྩི་བ་དང་མི་ཞིག་གིས་དོ་སྣང་བྱུང་ན་གང་ཡིན་ཡང་བྱེད་དགོས་པའི་ལྟ་ཚུལ་ངན་པ་དེ་ནི་ཁ་ཕྱོགས་མེད་པའི་ཀུན་སྤྱོད་དང་བྱིས་པའི་རྩེད་མོ་ཉིད་ཡིན་པས་དེ་ནི་རེ་ཞིག་མཇུག་བསྡུས་ན་དགའ་བའི་རྒྱུ་ཆ་ཞིག་ཏུ་འཁུམ། འདི་འདྲ་བ་དེ་ནི་བཙན་བྱོལ་བའི་ནང་གི་ནད་ཡམ་ཆེན་པོ་ཞིག་ཡིན་པས་ཅིས་ཀྱང་གཙག་རྣག་ཐོག་ཏུ་ཁེལ་བ་ཞིག་ཏུ་གཏར་དགོས་པར་ནི་བདག་གཅིག་པུས་སེམས་པ་ལས་གཞན་འདོད་མཁན་ཉུང་ཉུང་ཡིན་ལས་ཆེ།

ངས་གོང་ནས་མང་པོ་ཞིག་བཤད་བཤད་ནས་ད་གང་ངས་གང་ཞིག་བཤད་རྒྱུ་ཡིན་ཞེ་ན། ངས་འཆད་བྱ་དེ་ནི་རང་བྱུང་ཚན་རིག་དང་འབྲེལ་བའི་བོད་གདོད་མིའི་མི་བུ་ནས་བཟུང་སྟེ་ད་ལ་མ་ཐུག་གི་བར་གྱི་ཡོད་ན་དེའི་ཆོག་ཞིག་དང་དེ་མེད་ན་ཐབས་ཆག་གི་གངས་ཅན་བོད་མི་བདེ་སྡུག་དང་ཉིན་རེ་བཞིན་དུ་འབྲེལ་ནས་ཡོད་པའི་སློབ་དཔོན་ཐུ་མི་སཾ་བྷོ་ཊ་ཆེན་པོ་མཆོག་གིས་མཛད་པའི་བོད་ཆེན་པོ་སྐད་དང་ཡི་གེ་འདི་གཉིས་ཡིན།

དེ་ནི་འགའ་ཞིག་གིས་ཚན་རིགས་ཤིག་མ་ཡིན་པར་འདོད་ལས་ཆེ། ཡིན་ན་ཡང་སྤྱིར་འཛམ་གླིང་ན་སྐད་ཡིག་ཟེར་བ་དེ་རང་བྱུང་ཚན་རིགས་ཤིག་ཏུ་ལྷུན་གྱིས་གྲུབ་ནས་ཡོད་པ་ཡིན་པས་ཁྱེད་འདྲ་བ་ཁ་ཤས་ཤིག་གིས་འདི་ཚན་རིག་ཆེན་པོ་ཞིག་དང་རྒྱ་ཆེ་བ་དང་གཏིང་ཟབ་པ་ཞིག་ཏུ་གནས་སྐབས་སུ་ཁྱེད་ཀྱི་རྣམ་དཔྱོད་ཀྱི་བཅུད་དུ་འཇུ་མ་ཐུབ་ན་ཡང་ཉིན་བཞིན་ཤེས་ཡོན་གོ་རྟོག་གི་ཆུ་ཚད་ཡར་རྒྱས་བཏང་བའི་སྨན་མཆོག་ཞིག་ཟམ་མ་ཆད་པར་བསྟེན་པར་གྱིས་ཤིག་དང་དེ་ནས་ད་གཟོད་ཡུལ་གྱི་གནས་ལུགས་ངོ་མ་དེ་གསལ་རྗེན་དུ་མཐོང་བའི་སྟོབས་ཤུགས་ཀྱི་ཤ་རྒོད་དེ་ཁྱེད་ལ་འཕར་ཡོང་།  

ཐོག་མར་འགྲོ་བ་ཀུན་ལ་མགྲིན་པ་ནས་ཐོན་པའི་སྐད་རེ་ཡོད་པ་ལས་མི་ཡི་འགྲོ་བ་གཅིག་པུ་ལ་མགྲིན་པའི་སྒྲ་དེ་ཡོད་པ་ཞིག་ཡིན་པར་བཤད་དུ་མེད་པ་ཞིག་ཡིན་ལ། དེ་ནས་བཟུང་སྟེ་རིམ་ཀྱིས་ལུང་ཚན་རེ་རེའི་ནང་ལ་ཡང་སོ་སོའི་གོམ་རིམ་དང་སྦྲེལ་ནས་དངོས་པོ་ཞིག་ལ་སྒྲ་ཡིས་བཏགས་ནས་གཞན་ལ་གོ་བརྡ་འཕྲོད་པར་བྱེད་པའི་སྒྲ་བརྡ་དང་དེ་ནས་རིམ་གྱིས་ཕར་སོང་ཞེས་པའི་བརྡ་སྟོན་པའི་སྒྲ་མི་འདྲ་བ་ཞིག་དང་ཚུར་ཤོག་ཅེས་པའི་སྐད་བརྡ་དང་དེས་མཚོན་ནས་གོམ་པ་དེ་དག་རིམ་པར་ཡར་རྒྱས་འགྲོ་བ་ལ་བརྟེན་ནས་མཐར་རིམ་གྱིས་སེམས་ཚོར་ཆ་ཚང་སྐད་ཀྱི་སྒོ་ནས་བརྡ་བྱེད་ནས་སྟོན་ཐུབ་པ་བྱུང་ཡོད་ལ།

ཡིན་ན་ཡང་ཁ་ནས་སྒྲ་གང་ལབ་པ་དེ་རི་མོའི་གཟུགས་སུ་ཕབས་ནས་འབྲི་བའི་སྲོལ་དེ་དུས་ཡུན་རིང་པོ་ནང་དུ་མ་དར་ལ། དེ་རྗེས་རིམ་པར་མི་ཡི་སྐད་ཀྱི་སྒྲ་གདངས་ལ་རིགས་ཀྱི་སྒོ་ནས་དབྱེ་ན་ག་ཙམ་ཞིག་ཏུ་འགྱུར་བར་ཚོད་ལྟ་དང་སྦྲེལ་ཏེ་སྒྲ་རེ་རེ་ཡང་རི་མོ་རེ་རེའི་གཟུགས་སུ་བྲིས་ཏེ་ཡི་གེ་ཕྱི་མོ་ཡི་རི་མོ་དང་

དེ་ནས་སྒྲ་ཡི་ཉམས་འགྱུར་ཡག་པོ་ཡོང་བའི་ཆེད་དུ་དབྱངས་ཡིག་གི་རི་མོ་དག་དང་དེ་དག་ཕན་ཚུན་སྦྲེལ་བའི་རི་མོ་དང་དེ་ནས་མིང་དང་དེ་དག་ཕན་ཚུན་སྦྲེལ་ནས་ཁྱད་གཞི་དང་ཁྱད་ཆོས་སུ་གོ་ཐུབ་པ་སོགས་ལས་ཚིག་དང་བརྗོད་པ་སོགས་ཀྱིས་རང་གི་དགའ་བ་དང་སྐྱོ་བ་དང་ཁྲོ་བ་སོགས་མཚོན་ནུས་པའི་ཁ་ནང་ནས་བརྗོད་པའི་སྒྲ་དང་རི་མོ་གཉིས་པོ་གཅིག་ཏུ་སྦྲེལ་ནས་སྒྲ་གང་ཞིག་ཁ་ནས་ཐོན་ཏུ་བཅུག་པ་དང་མཉམ་དུ་དེ་ཡི་རི་མོའི་གཟུགས་དེ་དག་བློ་ཡུལ་ལ་འཆར་བ་ལ་གོམས་པར་བྱེད་ནས་

དེ་དག་དང་མཉམ་དུ་དེ་དག་གིས་གང་བརྗོད་པའི་དོན་དེ་ཡང་སྣང་བཏགས་གཉིས་ཐ་དད་ཡིན་པ་དེ་གཅིག་ཏུ་འཁྲུལ་ཏུ་བཅུགས་ནས་དགག་སྒྲུབ་གྱི་སྩོལ་བའི་ཆ་རྐྱེན་རྣམས་འདངས་ངེས་སུ་བསྐྲུན་པ་དེ་ནི་བོད་གནའ་བོའི་ཚན་རིག་གི་འཇིག་རྟེན་བསྐྲུན་པའི་ཐུ་ཡི་རིགས་ལས་འཁྲུངས་པའི་སཾ་བྷོ་ཊ་དེ་ཉིད་ཀྱི་འཇིག་རྟེན་ལ་བཞག་པའི་བླ་ན་མེད་པའི་ལག་རྗེས་ནི་འདི་ཡིན་ནོ།