༧གོང་མ་བདག་ཁྲི་རིན་པོ་ཆེས་བཀའ་དབང་གནང་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་༢༨ཉིན་དཔལ་ས་སྐྱའི་ཆོས་སྒར་དུ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་དབང་བརྒྱ་ནོར་བུའི་ཕྲེང་བའི་བཀའ་དབང་མཇུག་བསྒྲིལ་གནང་བ་དང་། སེར་སྐྱ་མི་མང་གིས་བདག་ཁྲི་རིན་པོོ་ཆེར་བརྟན་བཞུགས་ཕུལ་ཡོད་པ་རེད།
ས་གནས་ནས་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་གནས་ཚུལ་བཏང་བ་ལྟར་ན། སྐབས་དེར་དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་དོན། ཆོས་ཞུ་ཚང་མ་དོན་གཉེར་ཆེན་པོ་དང་ངལ་བ་ཁྱད་གསོད་གནང་བ་དེ་ཞེ་དྲག་གི་ཡག་པོ་རེད། དེ་རིང་གཙོ་བོ་གསང་བདེ་འཇིག་གསུམ་གཙོས་པའི་དབང་ཁ་ཤས་མ་གཏོགས་དབང་བརྒྱ་ནོར་བུའི་ཕྲེང་བའི་བཀའ་དབང་ཆ་ཚང་གྲུབ་པ་ཡིན། ཡིན་ནའང་ང་དབང་འདོན་མཁན་བླ་མ་རྩ་་ཆེ་བ་དང་ཡ་མཚན་ཆེ་རྒྱུ་ཆེར་མེད་ནའང་རྩ་བའི་བླ་མ་རྩ་ཆེན་པོ་མང་པོའི་སྐུ་མདུན་ནས་ཞུས་པ་ཡིན། གང་ལྟར་ཡང་རྒྱུད་པའི་རིམ་པ་ཕྲན་བུ་མི་འདྲ་བ་ཙམ་ལས་ང་རང་ཚང་མ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུག་ཡིན་པར་གཅིག་འགྱུར་རེད། དེའི་ནང་ནས་ང་རང་ཚོའི་བོད་ལ་དར་བའི་ཆོས་བརྒྱུད་ཚང་མ་ཐོག་མའི་ཀུན་སློང་རེད། བར་དུ་མདོ་སྔགས་ཟུང་འབྲེལ་གྱི་ཉམས་ཞིབ་རེད། མཐར་མངོན་པར་རྫོགས་པ་སངས་རྒྱས་པ་སོགས་ཁྱད་པར་རྩ་བ་ནས་ཡོད་མ་རེད། གཙོ་ཆེས་ཤོས་ང་རང་ཚོའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས། ཆོས་བརྒྱུད་ཁག་ཚང་མ་ཐུགས་སྣང་དྭངས་གཙང་དང་དག་སྣང་ནོར་བུའི་འོད་ཀྱི་ཁྱབ་ཐུབ་པ་བྱུང་བ་དེ་ཞེ་དྲག་གི་ཡག་པོ་རེད། ༧སྐྱབས་མགོན་རིན་པོ་ཆེས་ང་ཚོར་ཡང་ཡང་བཀའ་གནང་གི་ཡོད། ང་ཚོའི་མི་ཚེ་འདི་ཕྱོགས་གཅིག་ནས་ཞེ་དྲག་གི་ཐབས་སྐྱོ་པོ་རེད་མི་ཚེ་མང་ཆེ་བ་དེ་མིའི་ལུང་པར་བསྐྱལ་དགོས་བྱུང་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་བསམ་ན་ང་རང་ཚོའི་ཆོས་བརྒྱུད་ཡིན་ནའང་རེད། ཆོལ་ཁ་ཡིན་ན་རེད་ཚང་མ་དགའ་དགའ་སྤྲོ་སྤྲོ་ངང་མཉམ་འཛོམས་བྱས་ཏེ་རྡོག་རྩ་ཆིག་སྒྲིལ་བྱས་ནས་བཞུགས་རྒྱུ་ཡོད་པ་དེ་ང་རང་ཚོའི་དགེ་མཚན་རེད་ཅེས་བཀའ་གནང་མྱོང། དེ་དངོས་ཡོད་གནས་ཚུལ་རེད་ཞེ་དྲག་གི་ཡག་པོ་རེད་ཅེས་བཀའ་སློབ་གནང་སོང།
བདག་ཁྲི་རིན་པ་ཆེས་མུ་མཐུད་ནས་བླ་སྤྲུལ་དང་དགེ་འདུན་མང་ཚོགས་དམིགས་ཏེ་གསུང་དོན། རིན་པོ་ཆེ་རྣམ་པ་ཚོ་ཡིན་ནའང་བསྟན་པ་དང་འགྲོ་བའི་དོན་ལ་ཐུགས་ཁུར་བཞེས་དང་བཞེས་བཞིན་པ་མ་ཟད། སླད་མར་ཡང་བསྟན་འགྲོའི་དོན་རྒྱ་ཆེན་པོ་གནང་ཐུབ་པ་གནང་རོགས་གནོངས་ཞུ་རྒྱུ་དང་། དགེ་འདུན་རྣམ་པ་ལྷན་རྒྱས་ཚོ་ཡིན་ནའང་དབང་ཞུས་ཚར་པའི་རྗེས་དམ་ཚིགས་སྲུང་དགོས་རེད། དམ་ཚིགས་ཟེར་དུས་ཁ་ཏོན་འདོན་རྒྱུ་དང་བསྙེན་པ་བསགས་པ་ལྟ་བུ་མ་རེད། དེ་ཚོ་ཡང་རྩ་ཆེན་པོ་རེད་དེ་ཡིན་ནའང་རྩ་ཆེ་ཤོས་རང་རང་གིས་མཁས་བླང་པའི་སོ་སོར་ཐར་པའི་སྡོམ་པ་དང་། བྱང་ཆུབ་སེམས་པའི་སྡོམ་པ། རིག་འཛིན་སྔགས་ཀྱི་སྡོམ་པ་བཅས་ཀྱི་སྲུང་བྱ་དེ་ཚོ་ཡག་པོ་སྲུང་དགོས་པ་དེ་ཞེ་དྲག་གལ་ཆེ་རེད། མི་མང་ཚོས་ཀྱང་དུས་དང་རྣམ་པ་ཀུན་ཏུ་སེམས་རྒྱུད་བཟང་པོ་བྱ་རྒྱུ་དེ་གལ་ཆེ་རེད། རང་སྡུག་བསྔལ་མི་འདོད་བཞིན་དུ་སེམས་ཅན་དུ་གཏོགས་ཚད་ཀྱི་སྡུག་བསྔལ་མི་འདོད་མཁན་དང་བདེ་སྐྱིད་འདོད་མཁན་རྐྱང་རེད། སེམས་རྒྱུད་བཟང་པོ་ཡོད་ཐོག་ཁ་འདོན་དགེ་སྦྱོང་ག་རེ་གནང་ཐུབ་ན་དགེ་མཚན་ཆེན་པོ་རེད། ང་རང་ཚོས་ཆོས་སྒྲུབ་མཁན་མིས་འཇོན་ན་སྒྲུབ་བྱ་ཆོས་འདི་ལས་ལྷག་པ་ཞིག་ཡོད་མ་རེད། འཛམ་བུ་གླིང་གང་སར་ནང་པའི་ཆོས་དར་ཡོད་རེད་དེ་ང་རང་ཚོའི་བོད་ལ་དར་བ་ནང་བཞིན་མདོ་སྔགས་རིག་གནས་ཐེེག་པ་ཆེ་ཆུང་དང་བཅས་པ་ཆ་ཚང་བ་སྤུས་དག་པ་ཞིག་དར་ཡོད་ཚོད་མི་འདུག སྔོན་གྱི་དུས་སུ་ཡིན་ནའང་བོད་ལ་མཚོན་ན་ཕྱིར་དངོས་པོོའི་ཡར་རྒྱས་དེ་ཙམ་མེད་ཀྱང་། ནང་པ་སངས་རྒྱས་པའི་ཆོས་ལ་ཉམས་བཞེས་གནང་ནས་ཆོས་བརྒྱུད་གྲུབ་མཐའ་རིས་སུ་མ་ཆད་པའི་མཁས་དང་གྲུབ་པའི་དབང་ཕྱུག་བསམ་གྱི་མི་ཁྱབ་པ་དེ་འདྲ་བྱུང་ཡོད་རེད་ཅེས་གསུངས་སོང་།
དབང་བརྒྱ་ནོར་བུའི་ཕྲེང་བའི་བཀའ་དབང་འདི་བཞིན་ཐོག་མ་བླ་མ་ཟོད་པ་རིན་པོ་ཆེ་དང་སེར་བྱེས་གྲགས་རི་རིན་པོ་ཆེ་གཉིས་ཀྱིས་བསྟན་པ་སྤྱི་དང་བྱེ་བྲག་ལ་ཐུགས་ཁུར་ཆེ་བཞེས་ཐོག་ལོ་མང་སྔོན་ནས་གསོལ་འདེབས་ཞུས་པར་བརྟེན། བདག་ཁྲི་རིན་པོ་ཆེ་མཆོག་གིས་ཞལ་བཞེས་གནང་ནས་ཐོག་མ་ཕྱི་ལོ་༢༠༠༨ ལོར་དབུ་འཛུགས་གནང་ནས་ཟླ་གཅིག་ལྷག་ཙམ་རིང་གནང་ཡོད་པ་མ་ཟད། ༢༠༠༩ ལོར་སླར་ཡང་ཟླ་གཅིག་ཙམ་རིང་གནང་འདུག
འདི་ལོར་སླར་ཡང་ཁ་སྔོན་ཕྱི་ལོ་༢༠༡༢།༤།༥ཉིན་དབུ་མཛུགས་ཐོག་དབང་གི་འཕྲོ་ལྷག་རྣམས་མུ་མཐུད་ནས་གནང་བ་ཞིག་ཡིན་པ་རེད།
ཕྱི་ཟླ་༤ ཚེས་༢༩ སྔ་དྲོ་ཕྱག་ཚོད་༦པའི་ཐོག་སྐྱབས་མགོན་བདག་ཆེན་མཁོན་གདུང་སྐུ་བགྲེས་རིན་པོ་ཆེ་དབུས་པའི་བླ་ཆེན་ཁག་དབུ་བཞུགས་ཐོག་འདུས་པ་ལྔ་བརྒྱ་ཙམ་གྱིས་འཆི་མེད་ཚེ་རྟ་ཟུང་འབྲེལ་གྱི་སྒོ་ནས་བརྟན་བཞུགས་སྒྲུབ་ཞག་གནང་བ་དང་ཚོུད་༨།༣༠ཐོག་སྐྱབས་མགོན་ིགོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ཕོ་བྲང་ནས་སྤྱན་རྒྱལ་སྤོས་སྣེའི་མདུན་བསུས་ནས་བཞུགས་ཁྲིར་ཞབས་སོར་འཁོད་མཚམས་གསུང་ཆོག་དབུ་འཛུགས་གནང་བ་དང་།
དེའི་རྗེས་བསྟན་པའི་སྦྱིན་བདག་བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་སྐུ་བཞེངས་ཐོག་མནྜལ་ལྗགས་བཤད་གནང་ཡོད་པ་རེད། རིམ་བཞིན་བླ་བྲང་ཁག་དང་མི་མང་བཅས་མཇལ་དར་འབུལ་གནང་རྗེས་མཛད་རིམ་རྣམས་གྲུབ་ཡོད་པ་རེད།།