འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་དགོས་པའི་སྐད་ཆ།
གཡར་ཚིག
ཁྱོད་ཀྱིས་ང་ཚོའི་ས་ཆ་ནས་འགྲོ་བ་མིའི་ཐོབ་ཐང་གིས་ཕན་མི་ཐོག་པ་གོ་ཨེ་མྱོང་ཐལ། རྒྱུ་མཚན་ནི་ང་ཚོའི་ལུས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་ཟེར་བ་དེ་ཤི་བོ་ཞིག་རེད། དོ་ཚིགས་ཡང་ང་ཡི་སེར་སྐྱ་ཕོ་མོ་དག་གི་གཅེས་པའི་རང་སྲོག་རེ་རེ་བཞིན་ཤོར་སོང་བ་སུ་ལ་གསང་།
ཞེས་གོང་དུ་བཀོད་པའི་ཚིག་དུམ་དེས་ཅི་ཞིག་གི་གནད་དོན་རྩོད་གླེང་བྱས་ཡོད་པ་ལ་བསྐྱར་དུ་བསམ་དུས། དོ་ནུབ་ཡང་ང་སེམས་ཁ་མི་བདེ་བའི་ཚོད་ན་ཡོད་པས། ངས་དམངས་ཚོགས་ལ་དམ་ཚིག་བཟུང་ཞིང་སྤྱི་ཚོགས་ཀྱི་འགན་ཁུར་ཏེ་མི་རིགས་འདིའི་མདང་ད་ནངས་ཀྱི་གོ་ཆག་འདིའི་གནད་ས་ཞིག་ཏུ་འཇུས་ཏེ་ཉན་ལོམ་ཡོད་པའི་སྐད་ཆ་བཤད་རྒྱུ་ཁག་པོ་རེད།
འོན་ཀྱང་ངས་ཡོས་ཕོག་མོས་ཕོག་གི་འཛེམ་དོགས་དང་། ལྷ་ཆེན་མི་ཆེན་ཚོར་ངོ་སྲུང་ཅི་ཡང་མེད་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང། འགྲོ་བ་མིའི་རིགས་ཀྱི་མཁས་པ་དང་བསམ་བློ་བ་ཚོ་གཙོས་པའི་གནམ་འོག་གི་མི་ཚང་མར། སྐད་གསེང་མཐོན་པོའི་ངང་དོ་ནུབ་ང་འདི་ལྟར་སུན་དགོས་དོན་ཅི་ཞིག་གིས་རེད་ཟེར་ན་འདོད་གི རྒྱུ་མཚན་ནི་དོ་ཚིགས་ཡང་གོད་ཆག་འདིས་ངའི་སྤུན་ཟླ་ཚོ་མུ་ནས་མུ་རུ་ཟ་གིན་འདུག
དེ་བས་ངས་འདི་ལྟར་བསམ་གྱིན་དེ་ལྟར་གླེང་ན་འདོད། དེ་རིང་འཛམ་གླིང་ན་ཚོགས་མིང་སྙན་པོ་དང་། སྒེར་མིང་མཐོན་པོ་ཁུར་ནས་ཡོད་པའི་མཁས་པ་དང་དཔོན་པོ་ཚོས་གོ་མིང་སྐམ་པོ་རེ་ཁུར་ནས་ཆེ་ཚུགས་དང་རྫིག་ཉམས་འཛིན་གྱི་མ་འདུག སོ་སོའི་ཁ་ཕོར་དང་ནང་མི་ལ་བསམ་ཏེ་མི་ཆེན་དང་འབྱོར་ལྡན་ཚོའི་ངོ་སྲུང་གི་མ་འདུག ཡག་ས་དང་བཟང་ས་ནས་བུད་དེ་འཛམ་གླིང་མི་དམངས་ལ་ངོ་སྟོན་གྱི་མ་འདུག ཆེ་ས་དང་མཐོ་ས་ནས་བསྡད་དེ་འགྲོ་བ་མིའི་རིགས་ཀྱི་ཤ་ཟ་བ་དང་ཁྲག་འཐུང་བ་ལ་གོམས་པའི་བདའ་རྒན་དེ་དག་ལ་ཡིབ་ས་གང་རག་བྱེད་ཀྱི་མ་འདུག རྒྱུ་མཚན་ནི། ཁྱེད་ཀྱི་ཉེ་འཁོར་ན་ཡོད་པའི་རང་དབང་དང་འདྲ་མཉམ་འཐབ་རྩོད་པ་དག་གིས་རང་དབང་གི་ཆེད་དུ་རང་སྲོག་མེ་རུ་བསྒྲོན་ཏེ་ཆགས་ཞེན་དང་ཕྱིར་མིག་མི་ཡུལ་ལ་བཞག་སྟེ་བུད་སོང་།
དེ་བས་ཁྱོད་འདི་ལྟར་གོ་མེད་གྲག་མེད་དུ་འདུག་བཟོད་ས་རེད་པས། དོན་ངོ་མར་ཁྱོད་འཇིག་རྟེན་འདི་ནས་བོར་སོང་བའམ་ཡང་ན་ཐོག་མ་ནས་དེ་ལྟ་བུའི་མིང་དོན་མཚུངས་པའི་ཚོགས་པའམ་མི་བུ་ཞིག་གཏན་ནས་མེད་སོང་བ་མ་ཡིན་ན། དེ་རིང་ཁྱོད་འདི་ནས་ལངས་ཏེ་འགྲོ་བ་མིའི་རིགས་ཀྱི་རང་དབང་དང་འདྲ་མཉམ་སོགས་ཀྱི་གནད་དོན་ལ་འཇུས་ཏེ་ཁ་བརྡ་ཞིག་གྱིས་དང་།
ང་དངོས་གནས་ཁྱེད་ཀྱི་ལས་སྟངས་ལ་ཞེ་ལོག་སོང་ལ་ཁྱེད་ཀྱི་གོ་མིང་ལ་མགོ་འཐོམས་སོང་། རྒྱུ་མཚན་ནི། ཁྱོད་ཚོ་ལྟ་བུའི་འགན་ཁུར་ཅན་གྱི་སྡེ་དང་། མཁས་མིང་དང་དཔོན་མིང་འཛིན་པ་ཚོ་ནི་འཛམ་གླིང་འདིའི་མི་སེར་དཀྱུས་མ་ཚོ་དང་མི་འདྲ་བར་སྤྱིར་རྒྱལ་སྤྱིའི་ཁྲིམས་དང་། འཇིག་རྟེན་སྤྱི་ཚོགས་ཀྱི་འགྲོ་ལུགས། འགྲོ་བ་མིའི་རིགས་ཀྱི་ལུས་སྟེང་གི་ཁྲག་རྩ་རང་དབང་དང་ཇི་ལྟར་འབྲེལ་ཡོད་མེད་སོགས་ཀྱི་རྣམ་གཞག་དང་། དེ་རིང་ཁྱེད་ཀྱི་ཉེ་འཁོར་དུ་ཡོད་པའི་མི་བུ་མང་པོ་ཞིག་གི་མགོ་ཐོག་ལ་རང་དབང་དང་། ཐོབ་ཐང་གི་ལམ་ཁ་མེད་པ་སོགས་ཀྱི་མི་གསོད་ཁྲག་སྦྱོར་གྱི་གཏམ་རྒྱུད་དེ་དག་ཇི་བཞིན་དུ་ཤེས་ཀྱི་ཡོད་ནའང་། ཁྱོད་ཀྱིས་རང་ཉིད་ཀྱི་འཕོངས་གང་དུ་བཞག་ཡོད་སའི་སྤྱི་ཚོགས་ཀྱི་འགན་འཁུར་ཞིང་། རང་ཉིད་ཀྱི་ཁ་ཕོར་གང་དུ་འཕངས་ཡོད་སའི་མི་དམངས་ལ་དམ་ཚིག་བཟུང་སྟེ། འཛམ་གླིང་མི་དམངས་ཀྱི་རང་དབང་དང་བདེ་སྡུག་གི་ཆེད་ལས་དོན་གང་ཡང་བསྒྲུབས་མ་སོང་བས་རེད།
མ་ཟད་ཁྱོད་ཚོས་འདི་ལྟ་བུའི་ཚོགས་པ་ཆེན་པོ་དང་། རིག་ཚན་བྱེ་བྲག་པའི་མཁས་མིང་དང་དཔོན་མིང་གི་གོ་ས་བཙང་ཡོད་པའི་རྐྱེན་གྱིས་ཀྱང་རེད། དེའི་ཕྱིར་དེ་རིང་ངས་འདི་ནས་བཤད་འདོད་པ་ནི། དོན་ངོ་མར་ཁྱོད་ཚོ་ནི་འཛམ་གླིང་མི་དམངས་ཀྱི་བདེ་སྡུག་ལ་བལྟ་མཁན་གྱི་ཕ་མ་ལྟ་བུ་ཡིན་པས། ཁྱོད་ཀྱིས་ཁྱོད་རང་ཉིད་ཀྱི་ཕྲག་ཏུ་ཡོད་པའི་འགན་ཁྲི་དང་གོ་མིང་དེ་དག་ལ་གོ་གསེད་ཐེངས་གཅིག་ཐོངས་དང་།
འགན་ཁྲི་དེ་ཁྱོད་གཅིག་པུའི་བདེ་སྡུག་དང་འབྲེལ་བ་ཞིག་ཏུ་བཟུང་སྟེ། མི་ཆེན་དང་འབྱོར་ཕྱུག་པ་ཚོར་ངོ་སྲུང་ཅི་ཐུབ་དང་། མཛམ་གླིང་མི་དམངས་ལ་གཉའ་གནོན་བཤུ་གཞོག་བྱེད་མཁན་གྱི་གཏེ་བོ་དེ་དག་ལ་ཡིབ་ས་དང་བཞའ་ས་ཅི་རག་བྱས་ཏེ་དུས་ཚོད་ཕུད་སའི་ལས་སྣེ་ཞིག་རེད་དམ། ཡང་ན་ཁྱོད་རང་ཉིད་འཐུས་པའི་འཛམ་གླིང་མི་དམངས་སྤྱིའི་བདེ་སྡུག་དང་འབྲེལ་བ་ཡོད་པ་ཞིག་ལ་བསམ་ཏེ། སུ་ལའང་ངོ་སྔུན་མེད་པར་བདེན་པ་དང་དྲང་པོ་ལ་གཞི་བཅོལ་ཏེ་དུས་ཐོག་ཏུ་སྒྲུབ་དགོས་པའི་གནད་དོན་ཞིག་རེད་ཟེར་འདོད་པའོ།
ཡང་བསྐྱར་ཐེངས་གཅིག་ལ་བཤད་རྒྱུར། ལར་ནས་གོ་ལའི་ཁྱིམ་ཚང་འདིའི་ནང་གི་འགྲོ་བ་མིའི་རིགས་སྤྱི་དང་རང་བྱུང་ཁམས་སྤྱི་ཡོངས་ལ་སེམས་ཁུར་དང་འགན་ལེན་གྱིས། རང་དབང་དང་ཐོབ་ཐང་གི་གོ་ས་མ་རག་པའི་མི་རིགས་སམ་རྒྱལ་ཁབ་དེ་དག་གི་ཐད་ནས་ལངས་ཏེ། འཛམ་གླིང་མི་རིགས་སྤྱིས་ཉན་རིན་ཡོད་པའི་སྐད་ཆ་ཞིག་ཤོད་དང། ང་ཚོས་ནམ་ཡང་བསྒུགས་ནས་བསྡད་ཡོད། སེམས་གཙོ་སྨྲ་བ་ཚོས་བཤད་པ་ལྟར་སྲོག་ལྡན་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་བཞིན་དུ། རང་དབང་འདོད་པ་དང་གཞན་དབང་མི་འདོད་པ་ཡང་གཅིག་མཚུངས་ཡིན་པའི་གནས་ལུགས་ཀྱི་ཐད་ནས་སྐད་ཆ་ཞིག་ཤོད་དང་།
ཆུང་ས་བལྟས་ན་ང་ཚོར་སོ་སོའི་མི་རིགས་དང་ནང་མི། ཉེ་ས་དང་བཟང་ས་མི་འདྲ་བ་ཡོད་པས་ང་ཚོ་ཁ་ཁར་དབྱེ་རྒྱུ་ཡོད་པ་ཞིག་ཡིན་ན་ཡང་། ཆེ་ས་ནས་བལྟས་ན་ང་ཚོ་ཚང་མ་འཛམ་གླིང་འདིའི་ཁྱིམ་གཞིས་སུ་གྲུབ་པའི་ནང་མི་གཅིག་ལྟ་བུར་ཆགས་ཡོད་པའི་ཆ་ནས་སྡིག་གི་ཁུར་པོ་མཉམ་ཁུར་དང་། སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་བྱེད་དགོས་པའི་ཚད་དུ་སླེབས་ཡོད་པས་ང་ཚོའི་མགོ་ཐོག་ཏུ་འདི་ལྟ་བུའི་སྡུག་ཡུས་ཀྱིས་བསླངས་པའི་མི་ཁྲག་དང་། མི་རོའི་གོད་ཆག་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པ་སྣང་མེད་དུ་གཏོང་མ་འཇོག་རོགས་ཞེས་བཤད་འདོད་བྱུང་། རྒྱུ་མཚན་ནི་དོན་ངོ་མར་ཁྱོད་ཚོ་འཛམ་གླིང་མི་མང་གི་བདེ་སྡུག་དང་རང་དབང་ལ་ལྟ་མཁན་ཡིན་པའི་རྐྱེན་གྱིས་རེད།