མདོ་སྨད་འབའ་རྫོང་གི་བོད་མི་ཁག་ཅིག་ལ་ཁྲིམས་ཆད།

འདི་ལོའི་ཕྱི་ཟླ་༣ ནས་མཚོ་སྔོན་འབའ་རྫོང་ཤིང་ཁྲི་དགོན་པ་གཙོས་མི་མང་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པར་བརྟེན། ཉེ་ཆར་བོད་མི་ཁག་ཅིག་ལ་རྒྱ་ནག་གཞུང་གིས་དུས་བཀག་ཁྲིམས་ཐག་བཅད་ཡོད་འདུག

ཕྱི་ཟླ་༣ པ་དང་༤ པའི་ནང་འབའ་རྫོང་(གལ་པ་སུམ་མདོ་)ཁོངས་ཀྱི་ཤིང་ཁྲི་དགོན་པ་གཙོས་སེར་སྐྱ་བསྡོམས་པའི་༧༠ ཡས་མས་རྒྱ་ནག་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་པ་དང་། མང་ཆེ་བ་ད་ལྟ་གློད་གྲོལ་བཏང་ཡོད་ནའང་། ཁག་ཅིག་ལ་དུས་བཀག་ཁྲིམས་ཐག་བཅད་འདུག ཉེ་ཆར་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན་གྲྭ་འཇམ་དཔལ་བཟང་པོ་(འཇམ་དཔལ་བཟང་པོ་ནི་རྔ་པོ་བོད་རིགས་རང་སྐྱོང་ཁུལ་ཁོངས་གཏོགས་ཀྱི་སྨེ་བ་དགོན་པ་ནས་ཤིང་ཁྲི་དགོན་པར་སློབ་གཉེར་ཆེད་ཡོང་བ་ཡིན་འདུག)ལ་ལོ་གཅིག་དང་། ཀུན་བཟང་རིང་གྲོལ་ལ་ལོ་གཅིག་དང་ཟླ་དྲུག་གི་དུས་བཀག་ཁྲིམས་ཐག་བཅད་དེ། ཁོང་གཉིས་ཟི་ལིང་གི་བཙོན་ཁང་ཞིག་ཏུ་ཁྲིད་ཡོད་འདུག

དེ་སྔོན་བུད་མེད་པ་སངས་ཞེས་པ་ལ་ལོ་གཅིག་དང་། རྡོ་རྗེ་རྒྱལ་ལ་ལོ་གཅིག་དང་ཟླ་བ་གསུམ་གྱི་དུས་བཀག་ཁྲིམས་ཐག་བཅད་དེ་ཁོང་གཉིས་ཀྱང་ཞིང་ཆེན་གྱི་བཙོན་ཁང་ཞིག་ཏུ་ཁྲིད་ཡོད་འདུག

གཞན་ཡང་མིང་མ་ཤེས་པའི་ཁོལ་ནགས་སྡེ་བའི་བུད་མེད་ཅིག་ལ་ལོ་གཅིག་དང་ཟླ་གསུམ་གྱི་ཁྲིམས་ཆད་དང་། ཁོལ་ལྡན་སྡེ་བའི་རིན་ཆེན་རྒྱལ་ཞེས་པའི་བཟའ་ཟླ་ལ་ཟླ་བ་དྲུག་གི་ཁྲིམས་ཐག་བཅད་དེ་ད་ལྟ་འབའ་རྫོང་ཐོག་ཏུ་བཙོན་འཇུག་བྱས་ཡོད་འདུག

ད་ལྟ་ད་དུང་གྲྭ་ཡེ་ཤེས་རྡོ་རྗེ་དང་། གྲྭ་ཚུལ་ཁྲིམས་རིན་ཆེན། གྲྭ་བསྟན་འཛིན་རང་ཤར། གྲྭ་བློ་བཟང་བཅས་དང་། མི་སྐྱ་རྡོ་རྗེ་དོན་གྲུབ་དང་། གུ་རུ་རྡོ་རྗེ།  ཚེ་བརྟན་རྒྱལ། ཚེ་རིང་དབང་རྒྱལ་བཅས་འབའ་རྫོང་ཐོག་ཏུ་བཀག་ཉར་བྱས་ཡོད་འདུག

བོད་མི་སེར་སྐྱ་དེ་དག་གིས་རྒྱ་གཞུང་ལ་ཞི་རྒོལ་བྱས་པའི་ཉེས་མིང་འོག་ཁོང་ཚོ་འཇུ་བཟུང་བཙོན་འཇུག་བྱས་པ་ཡིན་པ་དང་། ས་གནས་སུ་དམ་དྲག་ཡོད་པར་བརྟེན། ཁྲིམས་ཐག་བཅད་པའི་དུས་ཚེས་གསལ་པོ་རག་གི་མི་འདུག་ཅེས་འབྲེལ་ཡོད་ཀྱིས་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་བྱས་འདུག །