ཨ་མ་རྒས་མོའི་སྐོར་གྱི་ཕྱི་དྲན་དུམ་ཞིག
ངའི་སེམས་ནང་ཨ་མ་རྒས་མོ་ནི་བོད་མོ་སྤྱི་བཏང་བ་ཞིག་དང་སྤྲོ་སྐྱིད་ལྡན་པ། འདོད་ཆུང་ཆོག་ཤེས་ཀྱི་བུད་མེད་ཅིག་རེད་སྙམ་ཡོད། ཡིན་ཡང་མཚམས་རེར་སྐད་ཆ་འགའ་ངའི་སེམས་ལ་གཏིང་ཟབ་པོ་བསྡད་ཀྱི་ཡོད།
ང་ཚོའི་ཁྱིམ་དུ་རྒྱུན་དུ་ཨ་མའི་དགའ་ལྷང་ལྷང་གི་དགོད་སྒྲ་ཡོད་ཅིང། ཁྱིམ་ནང་གི་འབྲོག་ཁྱི་རྒྱ་འབྲུག་ཡིན་ཡང་ས་ཐག་ངེས་ཅན་ས་ནས་ཨ་མའི་སྐད་སྒྲ་ཐོས་ན་འཕངས་མཆོང་དང་དགའ་སྣང་དུས་གཞན་དང་མི་འདྲ་བ་ཞིག་མངོན་གྱི་ཡོད།
ཁྱིམ་གྱི་སྒོ་རྭ་ཆེན་མོ་དེར་ཨ་མ་དང་རྨོ་རྨོའི་གཟུགས་བསྙན་མེད་ན་སྟོང་སེང་སེང་གི་སྣང་བ་ཞིག་རེད་ལ། གཅེན་པོ་གཅེན་མོས་བཤད་ན་ང་རང་ཁྱིམ་དུ་ལོག་མ་ཐག་༼ཨ་མ་སླེབས་སོང་ངེ།༽ཞེས་པའི་སྐད་ཆ་དེ་འདྲི་ཡི་རེད་ཟེར། དེ་ནས་ང་རང་སྒོ་ཁར་སླེབས་པར་མཐོང་དུས་ཁྱིམ་མི་སུ་འདྲ་ཞིག་ཡིན་ཡང་ང་ལ་ཐོག་མར།༼ཨ་མ་སླེབས་སོང།༽ཡང་ན་༼ཨ་མ་ད་ལྟ་སླེབས་མ་སོང།༽ཟེར་ནས་ང་ལ་ལན་འདེབས་བྱེད་ཀྱི་ཡོད། ཨ་མ་ཁྱིམ་དུ་ཡོད་པའི་སྐབས་ནི་སེམས་རྩ་དྲོད་ཀྱིས་ཁེངས་པའི་དུས་ཡིན་ལ། ཨ་མ་ཁྱིམ་དུ་ཡོད་སྐབས་ཁྱིམ་ནི་དགོད་སྒྲ་དང་སྤྲོ་སྣང་གིས་ཁེངས་པའི་ལྷ་ཡུལ་ལྟར་རེད།
ང་དང་ཨ་མ་གཉིས་རྒྱུན་དུ་ཤར་ལྷོ་ནུབ་བྱང་དབྱེར་མེད་ཀྱི་བརྗོད་གཞི་སྣ་ཚོགས་སྟེང་ཁ་བརྡ་རེ་བྱེད་ཀྱི་ཡོད། ཆུང་དུས་ནས་བཟུང་ཨ་མས་ང་ལ་བུ་མོ་ཆུང་ཤོས་ཀྱི་འདུ་ཤེས་འཛིན་གྱི་མེད་པར་རྟག་ཏུ་ང་རང་ཁྱིམ་མི་འོས་འགན་ལྡན་པ་ཞིག་གི་འདུ་ཤེས་ལྟར་ཁྱིམ་ཚང་གི་གནས་ཚུལ་ཆེ་ཆུང་ལ་བགྲོ་གླེང་བྱེད་ཀྱི་ཡོད་པ་དེ་གཞན་དང་མི་འདྲ་བའི་གནས་སྟངས་ཤིག་རེད་ལ། གྲོང་ཚོའི་ནང་གི་བུད་མེད་གཞན་གྱིས་གནས་སྟངས་དེ་ནི་ཨ་མས་ཕྲུ་གུ་དང་དོན་ཆེན་བགྲོ་གླེང་བྱེད་ཀྱི་རེད་ཟེར་ནས་འཕྱ་དམོད་ཏོག་ཙམ་ཡང་ཡིན་པ་འདྲ། འོན་ཀྱང་ཨ་མས་དེར་སྣང་བ་ཙམ་ཡང་མི་བཞག་པར་ང་ལ་གནད་དོན་ཆེ་ཆུང་སྣ་ཚོགས་ཁ་བརྡ་བྱེད་ཀྱི་ཡོད་པར་བརྟེན། གཅེན་པོ་དང་གཅེན་མོ་ཚོས་ཀྱང་གལ་ཏེ་ཁོང་རྣམས་པར་ཁྱིམ་མིའི་རོགས་འདེགས་དགོས་ཚེ་ཐོག་མར་ང་བརྒྱུད་ཨ་མར་བཤད་ཐབས་བྱེད་ཀྱི་ཡོད།
ང་རང་ཆུང་དུས་ཨ་མས་ཞིང་ལས་དང་ཁྱིམ་ལས་སྣ་ཚོགས་བྱེད་པ་མ་ཟད། རྒྱུན་དུ་གྲོང་གསེབ་ཀྱི་ཁྱིམ་མཚེས་ཚོ་དང་མཉམ་དུ་དགའ་འཛོམས་དང་རྩེད་མཚར་གྱི་སྐད་ཆ་སྣ་ཚོགས་བཤད་རྒྱུར་ཧ་ཅང་སྤྲོ་པོ་ཡོད་མཁན་ཞིག་སྣང། ཨ་མ་ནི་ང་ཚོ་སྐྱིད་ཐང་མདའ་རྩ་གྲོང་དུ་ཕོ་མོ་རྒན་གཞོན་དབུལ་ཕྱུག་གང་ཡིན་ཡང་ཚང་མས་དགའ་སྣང་བྱེད་སའི་བུད་མེད་བཟང་པོ་ཞིག་རེད་ཅེས་ང་རང་ཆེན་པོ་ཆག་རྗེས་ཀྱང་གཞན་གྱིས་དེ་འདྲ་ཨ་མར་བསྟོང་བསྔགས་གནང་བ་ནི་གང་འདྲ་སེམས་དགའ་བའི་གནས་སྟངས་ཤིག་རེད་ཨང། འོན་ཀྱང་ངའི་སེམས་ནང་ཨ་མ་ནི་ཏོག་ཙམ་བློ་ཐག་ཆོད་ཀྱི་མེད་པ་ལྟར་གཞན་དང་གོ་བསྡུར་བྱས་ཏེ་ཐག་གཅོད་བྱ་རྒྱུ་དགའ་མཁན་ཞིག་རེད་འདོད།
འོན་ཀྱང་གནས་ཚུལ་ཞིག་གི་ཐོག་ངས་ཨ་མར་བཅངས་པའི་ལྟ་བ་དེ་རྦེད་དེ་འགྱུར་ལྡོག་སོང། དེ་ནི་ང་རང་སློབ་འབྲིང་ནས་མཐོ་འབྲིང་འགྲིམས་སྐབས་ཨ་མས་ང་དང་གཅེན་མོ་གཉིས་དང་གོ་བསྡུར་ཙམ་ཡང་མ་བྱེད་པར་ཡུལ་ལུང་ཁྱིམ་མཚེས་ནས་ཡིད་སྨོན་ཤོར་ས་ང་དང་གཅེན་མོ་གཉིས་ཀྱི་ནག་ལ་སྣུམ་པའི་སྐྲ་ལོ་དབྲེགས་རྒྱུ་ཐག་གཅོད། ཉིན་རྒྱབ་དེར་གཅེན་མོའི་ངོ་གདོང་ལ་ཏོག་ཙམ་མི་དགའ་བའི་རྣམ་འགྱུར་དང་བཅས་ཨ་མས་ངེད་གཉིས་ཀྱི་སྐྲ་དབྲེགས་ཀྱི་ཡིན་ཟེར། ངས་༼དེ་འདྲ་ཡིན་གྱི་མ་རེད། གནས་ཚུལ་གང་འདྲ་ཡིན་ཡང་ཨ་མས་ང་ལ་སྔོན་ནས་བཤད་ཀྱི་རེད། རྫུན་ཤོད་མ་འོང།༽ཞེས་བརྗོད། འོན་ཀྱང་ཨ་མས་ཉིན་དེར་པ་ལགས་དང་མཉམ་དུ་ང་དང་གཅེན་མོ་མི་དགའ་བཞིན་དུ་སྐྲ་རིང་པོ་སྐེད་པར་སླེབས་པ་དེ་ཕྲག་པར་ཐེབས་ཙམ་གྱི་རྒྱ་མོའི་སྒོ་ལྟར་བཟོས་བྱུང།
ཉིན་དེའི་མཚན་མོར་ང་བསྲུ་མོ་མཉམ་དུ་ཉལ་རྒྱུ་མིན་པར་ཨ་མ་མཉམ་ཉལ་བཅུག་སོང། ཨ་མས་ངའི་མགོ་བྱིལ་བྱིལ་གྱིས་༼ཨ་མས་ཁྱོད་གཉིས་ཀྱི་སྐྲ་དབྲེགས་པར་རླུང་ལངས་བྱུང་ངེ།༽གསུངས། ང་རང་ཐེ་ཚོམས་དང་བཅས་༼ད་རླུང་ལངས་ཀྱང་ད་ཚར་ཚར་བ་རེད། ཡིན་ཡང་ཨ་མ་ཁྱེད་རང་སྔོན་མ་དང་ཁྱོན་ནས་མི་འདྲ་བར་ད་ཐེངས་ང་དང་སྔོན་ལ་དེའི་སྐོར་གོ་བསྡུར་མི་བྱེད་པར་དེ་འདྲ་སེམས་ཐག་ཆོད་པོ་གང་ཡིན་ནམ།༽ཞེས་དྲིས།
སྐབས་དེར་ཨ་མས་དལ་བུལ་ངང་ནས་ངའི་མགོ་བྱིལ་བྱིལ་གནང་བཞིན།༼ཁྱོད་ཀྱི་པ་ལགས་ཀྱིས་རྒྱུན་དུ་ཨ་མས་ཁྱོད་གཅེན་གཅུང་གཉིས་ཆེན་པོ་ཆག་ཚར་ཡང་སྐྲ་འཁྲུ་རོགས་སོགས་གཡོག་བྱ་བྱེད་པ་དེ་ཡག་པོ་མ་རེད་ཟེར་བ་བདེན་པ་ངོ་མ་འདུག ད་ཡིན་ན་ཁྱོད་གཉིས་ཀ་ཕྱི་ལ་འགྲོ་རན་རེད། སྐྲ་རིང་བློ་ཐུང་ཟེར་བའི་བུ་མོ་དེ་འདྲ་ཆག་ན་ཨ་མ་སེམས་སྐྱོ་ས་རེད། གཙོ་བོ་སློབ་གྲྭར་སླེབས་ན་སུས་ཤེས་ཡོན་སློབ་སྦྱོང་མང་བ་སྦྱོང་སོང། སུས་ཤེས་བྱ་དེ་དག་ཁོང་དུ་ཆུད་ན་དེ་ཡག་པོ་དང་བཟང་པོ། མཛེས་པོ་བརྩི་དགོས་པ་ལས་སྐྲ་ཡག་མིན་གྱིས་ཆི་བྱེད། ངས་རྒྱུན་དུ་ཁྱོད་གཅེན་གཅུང་གཉིས་ལ་ཤེས་བྱ་ཞིག་སློབ་ཐུབ་ན་ང་རང་ཆུང་དུས་ཡི་གེ་མ་སློབ་པའི་རྐྱེན་གྱིས་ད་ལྟའི་ཆར་དཔེ་ཆ་ལྟ་མི་ཤིས་པའི་སེམས་སྐྱོ་བའི་གནས་སྟངས་འདི་འདྲར་ཁ་གསབ་ཐུབ་པ་རེད་བསམ་མྱོང། ས་ཆ་ག་བ་སོང་ཡང་རུང། ལས་ཀ་ཅི་ཞིག་བྱེད་ཀྱང། གཙོ་བོ་ཤེས་བྱ་ཡོན་ཏན་ལྡན་པའི་སྒོ་ནས་བྱ་བ་བསྒྲུབ་ན་དེ་ལ་གྲུབ་འབྲས་ཐོན་གྱི་རེད། དེ་མིན་ན་རྒྱུ་ནོར་དང་དཔལ་འབྱོར། མཛེས་པོ་དང་ཕྱུག་པོ་ག་ཚོད་ཡོད་ཀྱང་དེ་ནི་སོ་སོ་བསླུ་བྲིད་བྱེད་སའི་ལག་ཆ་ཙམ་ལས་ཆིའང་མ་རེད། བྱ་བ་བཟང་པོ་ཞིག་ཡིན་ན་ཐེ་ཚོམས་ཙམ་ཡང་མི་དགོས་པར་བྱེད་ཀྱང་བྱེད་དགོས་ཀྱི་རེད། ད་ཁྱོད་གཉིས་ཆེན་པོ་ཆག་ནས་ཨ་མ་དང་ཁ་བྲལ་དགོས་ཀྱི་རེད། ཨ་མས་དེ་འདྲ་ཟེར་མྱོང་ཨང་བསམ་ནས་སློབ་སྦྱོང་བགྱིས་ཤོག་ཨ།༽ཞེས་སྐབས་དེར་ངའི་ཤེས་བྱ་རྭ་བར་འགྲིམས་མ་མྱོང་བའི་ཨ་མའི་སྐད་ཆ་དེ་དག་མདོར་བསྡུས་ཤིང་སྙིང་པོ་ལྡན་པའི་བསླབ་བྱ་བཟང་པོ་ཡིན་པ་ད་དུང་ཡིན་ཡང་འཁྱམ་མོ་ངའི་ཡིད་ལ་ཝ་ལེར་ཤར་བཞིན་གདའ།