དབྱངས་ཅན་མ་ཁྱེད་སྒུག་ཡོད།
༄༅། །དབྱངས་ཅན་མ།
དབྱངས་ཅན་མ། ང་ནི་ཁྱེད་ལ་དད་དུངས་བཅོས་མ་དེ་ཡོད་པའི་དགེ་སྦྱོང་ཞིག་ཡིན་ལ།
འཛུམ་མདངས་དང་ལང་ཚོ་ད་དུང་སྙན་དབྱངས་ཀྱི་སྒྱུ་རྩལ་བཅས་ཡོད་ཚད་སློང་མཁན་གྱི་སྤྲང་པོ་ངོ་མ་དེ་མ་དེ་ཡང་ཡིན་ཆོག དབྱངས་ཅན་མ། སྐར་ཚོག་ཉུང་ཉུང་ལས་མེད་པའི་མཚན་ལྗོངས་ཀྱི་ཁུག་པ་མི་ཉུང་བ་ཞིག་ནས་མིག་འདའ་དང་ལག་བརྡ་གྲངས་མེད་ཀྱི་ཁྱེད་ལ་ཨུ་ཚུགས་ཀྱིས་སུན་གཙེར་བྱེད་བཞིན་ཡོད་པའམ་ངས་ཤེས་ཀྱི་ཡོད།
འོན་ཀྱང་ང་ཡང་མི་ལོ་བཅུ་ཕྲག་གྲངས་མེད་དུ་ཁྱེད་གཅིག་པུར་རེ་སྒུག་བྱེད་ཐུབ་པའི་འབངས་མི་ལོ་ལོན་ཞིག་ཡིན་པས། ཁྱེད་ཀྱི་སེམས་ཁམས་སྙིང་རྗེ་ལས་གྲུབ་ཡོད་ན་ང་སྙིང་རྗེའི་ཡུལ་ངོ་མ་དེ་ཡིན་ངེས་ལ། ཁྱེད་ལ་བླང་དོར་འབྱེད་པའི་ཤེས་རབ་དྭངས་མ་དེ་ཡོད་ན་བྱིན་རླབས་ཀྱི་ཟུར་མིག་དང་། སྙན་འཇེབས་ཀྱི་དབྱངས་འགྲོས། ཞི་འཇམ་གྱི་ཐུགས་སེམས་བཅས་ཡོད་ཚད་ང་ལ་གནང་འོས་ངེས་རེད།
དབྱངས་ཅན་མ།
ངའི་རྣམ་ཤེས་ཕྲ་མོ་འདི་དང། ལུས་རྟེན་འདི་རིགས་དྲུག་གི་རི་གྲོང་རེ་རེ་ན་ནམ་ཡང་འཚོ་རྒྱུ་ལས། ཞི་དྲགས་ཀྱི་ལྷ་ཚོགས་མང་བའི་ཞིང་ཁམས་ཡོད་ཚད་ན་བགྲོད་མ་མྱོང་ཡང། བསམ་གཞིགས་ཇི་ཙམ་བྱེད་ཀྱང་ཡོད་ཚད་མི་མདུན་གྱི་སྣང་བརྙན་གྱི་རབ་རིབ་ཙམ་ལས་དད་དུངས་ངོ་མ་ཡོད་ས་དེ་མིན་ངེས།
དབྱངས་ཅན་མ།
དེས་ན། བཅོས་མེད་དང་ལྷད་མེད་ཀྱི་བཅིངས་པའི་དད་འདུན་ཡོད་ས། ཉི་མཚན་དང་ཉི་མཚན་བསྟུན་ནས་རྟོག་ངོར་གྱི་གཞལ་བྱ། རེ་བ་གྲངས་མེད་ཀྱི་རྩེགས་པའི་ལྷ་མོ་ངོ་མ་དེ་ཁྱེད་གཅིག་པུ་ཡིན་ན། ཕུན་ཚོགས་ཀྱི་ཞིང་ཁམས་བྱེ་བྲག་ཅིག་ན་ལས་ཅན་གྱི་གདུལ་བྱ་རེ་ཟུང་གི་མཆོད་ཡུལ་གཅིག་པུར་མི་བཞུགས་པར། ཁོ་བོའི་སྤྱི་བོ་དང་བར་ཐག་ཉེ་བའི་པད་འདབ་རེ་རེ་ན་ཤེས་རབ་གྱི་བརྒྱུད་མངས་བཀྲོལ་བཞིན་བཞུགས་དགོས་པ་ཨེ་རྟོགས།
སྟག་ལྗོངས་འཆི་མེད་ཀྱིས་སུད་སི་ནས་་་་་༢༠༡༢་་༡་་༡༦ལ།