མཐོང་ཐོས་ཀྱི་མེ་ལོང་།
དྲིན་ཅན་ཕ་མས་རྟོགས་མྱོང་རབ་གསལ་ནས།།
བུ་ཕྲུག་སློབ་གྲྭར་བསྐྱོད་དུས་དགའ་ན་ཡང་།།
སྤྱོད་ངན་བུ་ཕྲུག་སློབ་གཉེར་མ་བརྩོན་པར།།
ཇ་ཆང་དུག་རྩྭ་ཁང་དུ་འགྲིམས་མཁན་མང་།།
གོང་འཇམ་ཚིག་འཇམ་ངལ་བ་ཆེར་སྤྱད་ནས།།
བྱམས་ཀྱིས་འཛད་མེད་ངང་ནས་སྐྱོང་ན་ཡང་།།
ཐ་ཤལ་བྱིས་པ་རང་མགོ་རང་ཐོན་སྐབས།།
ཕ་མ་དགྲ་ལྟར་འཛིན་པ་ཇེ་མང་རེད།།
བློ་རིག་གསལ་ཆེད་གཞུང་ཚིག་མང་དུ་བཟུང་།།
རང་སྐད་རྒྱང་རིང་བཞགས་ནས་གཞན་སྐད་སྤྱོད།།
མེས་པོ་བཞགས་པས་བང་མཛོད་རིག་གཞུང་དེ།།
བེད་མེད་གད་སྙིགས་མཚུངས་པ་བཞགས་མཁན་མང་།།
བཅའ་ཁྲིམས་གལ་ཆེན་ཀུན་གྱི་མེ་ལོང་དེ།།
འབངས་མི་ཀུན་ལ་ཡོད་པ་དགའ་ན་ཡང་།།
སྒོར་མོ་ལྟག་སྒོ་འཛུལ་ནས་བསྐྱོད་མཁན་ཚོར།།
འཁྱོག་གཡོ་ཕྲན་ཙམ་ཤོར་བ་ཡིད་འབྱུང་སྐྱེས།།
ཟང་ཟིང་སྤྱི་ཚོགས་འཕོ་འགྱུར་ཆེར་ཕྱིན་ནས།།
གང་འདོད་སྣ་མང་ཡོད་པ་དགའ་གྲགས་ན།།
མིག་མཛེས་དངོས་ཟོག་རྫུན་མ་འཚོང་མཁན་མང་།།
ཡིད་གཟབ་ཡང་ཡང་བྱེད་ན་ཤིན་ཏུ་ལེགས།།
རྟག་ཏུ་༸རྒྱལ་བའི་སྐུ་ངལ་མ་འཛིན་ཞིག།
ཡར་རབས་བཟང་སྤྱོད་བྱེད་བཏང་གསུང་ན་ཡང་།།
ཆུ་ནང་དབྱུག་པས་རྒྱག་པ་ནང་བཞིན་རེད།།
ལྐོག་ཟས་རུལ་སུངས་བྱེད་མཁན་ཧ་ཅང་མང་།།
འུ་ཅག་མེས་པོ་བཀའ་དྲན་ཅན་རྣམ་ནས།།
བཞགས་པའི་ཤུལ་བཞགས་ནོར་བུ་བང་མཛོད་ཀྱང་།།
བསམ་མནོར་རྒྱུ་ལས་མེད་པའི་མི་དེ་ཚོས།།
ནོར་བུ་རྐུ་ཚོང་རྒྱག་མཁན་ཧ་ཅང་མང་།།