བསོད་ནམས་དར་རྒྱས་ལགས་སུ་རྗེས་དྲན་མཆོད་འབུལ།
དེ་རིང་དྷ་སར་ཡོད་པའི་རེབ་གོང་བ་ཐུན་མོང་གི་གོ་སྒྲིག་འོག རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་གྱིས། རང་ལུས་མཆོད་མེར་ཕུལ་བའི་བསོད་ནམས་དར་རྒྱས་ལགས་འདས་གྲོངས་སུ་སོང་ནས་ཞགས་༤༩ འཁོར་བའི་འདས་མཆོད་སྨོན་ལམ་ཞིག་འཚོགས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༣ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་སྟེང་། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་། དྷ་སར་ཡོད་པའི་རེབ་གོང་བ་ཐུན་མོང་གི་སྒྲིག་འོག ཕྱི་ཟླ་༣ པའི་ཚེས་༡༧ ཉིན་རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་གྱིས། རང་ལུས་མཆོད་མེར་ཕུལ་བའི་བསོད་ནམས་དར་རྒྱས་ལགས་འདས་གྲོངས་སུ་སོང་ནས། ཞགས་༤༩ འཁོར་བའི་དགོང་ཞགས་དང་སྟབས་བསྟུན་བོད་མི་རིགས་ཀྱི་རྩ་དོན་ཆེད། སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཞིག་འཚོགས་སོང་།
འཚོགས་ཐོག་དེར་ཀིརྟིའི་སྐབས་མགོན་རིན་པོ་ཆེ་མཆོག་གིས་གཙོས་པའི། བོད་མི་མང་སྤྱི་འཐུས་རྣམ་པ་ཁག་ཅིག་དང་། གཞན་ཡང་དྷ་སའི་ཉེ་འཁོར་གྱི་གྲྭ་ཚང་གི་དགེ་འདུན་པ་དང་། སེར་སྐྱ་མི་མང་བཅས་མཉམ་འཛོམས་བྱས་འདུག
མཆོད་འབུལ་དེའི་གོ་སྒྲིག་པ་ནོར་གླིང་རྩོམ་སྒྲིག་སྡེ་ཚན་གྱི་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས་སུ་མཆོད་འབུལ་འདི་ལྟ་བུ་ཞིག་འཚོགས་དགོས་དོན་གང་ཡིན་ཞེས་དྲིས་པར། ཁོང་གིས་ང་ཚོ་དྷ་སར་ཡོད་པའི་རེབ་གོང་བ་ཚོས་གྲོས་བྱས་ཏེ། ཉེ་ཆར་རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་གྱིས། རེབ་གོང་ནས་རང་ལུས་མེར་བསྲེག་གཏོང་མཁན་བསོད་ནམས་དར་རྒྱས་ལགས་འདས་གྲོངས་སུ་སོང་ནས། ཞགས་༤༩ འཁོར་བའི་དགོང་ཞགས་དང་བསྟུན་ཏེ། རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཞིག་འཚོགས་པ་ཡིན། དེ་ཡང་ཞོགས་པར་མཆོད་འབུལ་སྨོན་ལམ་དང་། ཉིན་གུང་རྒྱབ་བོད་ཕྱི་ནང་གཉིས་ཀྱི་འདས་གསོན་ཚང་མའི་ཆེད་སྐྱབས་འཇུག་དང་བསྔོ་རྟེན་ཞུ་རྒྱུ་ཡིན་ཞེས་དང་།
ཡང་ཁོང་གིས་བསོད་ནམས་དར་རྒྱས་ལགས་ངོ་སྤྲོད་གནང་དོན། ང་ཚོས་བརྒྱུད་ལམ་ཁག་ནས་རྒྱུས་ལོན་བྱས་པ་ལྟར་ན། བསོད་ནམས་དར་རྒྱས་ལགས་ག་དུས་ཡིན་ན་ཡང་རྒྱལ་བ་ཐམས་ཅད་མཁྱེན་པ་བོད་ལ་གདན་འདྲེན་ཞུ་ཐུབ་པ་ཡིན་ན། ང་ཚོར་དེས་འགྲིག་གི་རེད་བསམ་པའི་ལྟ་བ་ཁུར་མཁན་ཞིག་རེད་ལ། ལྷག་པར་དུ་བོད་ནང་དུ་ས་རྩོད་ཆུ་རྩོད་དང་འབྲེལ་བའི་ནང་དམེ་མང་པོ་ཞིག་ཡོང་གི་ཡོད་པ་དེ་དང་། ཁོང་རང་སྐྱེས་སའི་ལུང་པ་དེ་ལ་ཡང་དུས་རྒྱུན་དུ་ནང་དམེ་མང་པོ་ཞིག་ཡོང་གི་ཡོད་དུས། ཁོང་ག་དུས་ཡིན་ན་ཡང་མི་རིགས་ནང་ཁུལ་ལ་འགལ་ཟླ་དང་ས་རྩོད་ཆུ་རྩོད་མི་ཉན་པའི་སྐོར་ལ་ཤུགས་རྒྱག་མཁན་ཞིག་རེད། དེར་བརྟེན། རྩ་བའི་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེག་བཏང་པའི་དཔའ་བོ་དཔའ་མོ་ཚང་མས། མི་རིགས་ནང་ཁུལ་གྱི་མཐུན་འབྲེལ་ལ་ཤུགས་རྐྱེན་མི་ཉུང་བ་བཞགས་ཡོད་རེད། ཡིན་ན་ཡང་ང་ཚོའི་ལུང་པ་ལྟ་བུ་ཞིག་ཡིན་ན་བསོད་ནམས་དར་རྒྱས་ལགས་ཀྱིས། རང་ལུས་ཞུགས་འབུལ་གནང་བའི་རྗེས་སུ་ལུང་པ་དེའི་ནང་རྡོག་རྩ་ཆིག་སྒྲིལ་ཆགས་སོང་། དེ་ཡིན་དུས་ང་ཚོའི་ངོས་ནས་གང་བྱེད་ཐུབ་པ་དེ་བྱ་དགོས་པ་གལ་ཆེན་པོ་རེད་ཅེས་བརྗོད་སོང་།
