ལོ་ཟླའི་འཁོར་སྐྱོད་ནས་བརྗེད་མི་བཏུབ་པའི་འདས་ཟིན་པའི་དཔའ་བརྟུལ་ཚོ།

      ལོ་ཟླའི་འཁོར་སྐྱོད་ནས་བརྗེད་མི་བཏུབ་པའི་འདས་ཟིན་པའི་དཔའ་བརྟུལ་ཚོ།


དཔའ་བོའོ་ཀུ་བསྭོ་དང་ཞི་འབོད་ཀྱི་སྒྲ་དབྱངས་ཅིག་ཅར་དུ་སྒྲོགས་བཞིན། རྔམ་བརྗིད་ལྡན་པའི་མེ་ཞགས་ཀྱིས་ལུས་ཟུང་གཡོགས་པའི་འདས་ཟིན་པའི་གངས་ཅན་གྱི་དཔའ་བརྟུལ་ཚོ། ཁྱེད་ཚོ་ནི་གངས་ཅན་པའི་བདེ་སྡུག་དང་། ལས་དབང་གི་བགོས་སྐལ་ལ་དམིགས་ཀྱིས་ཇུས་གཏོགས་བྱེད་སླད་ཤོག་དངུལ་གྱིས་ཤོས་པའི་དངོས་རྫས་དེ་མ་ཡིན་ལ། མཁྲེགས་འཛིན་ཅན་གྱི་དམར་ཤོར་ལ་དངུས་སེམས་ཀྱིས་ཕྱུག་ཅིང་། སྒེར་གཅོད་པའི་བཀའ་རྒྱ་དང་ལེན་ཞུ་མཁན་གྱི་གསར་བུ་སྙིང་ཆུང་དེ་ཡང་མ་ཡིན།

 

 

ད་དུང་ཁྱེད་ཚོ་ནི་གཞན་ཟེར་རྗེས་བརྗོད་དང་ཁ་ཡག་ངོ་སྲུང་ལ་དགའ་བའི་ཅི་ཡང་མི་ཤེས་པའི་བྱིས་པ་ཀླད་མེད་དེ་མ་ཡིན་ལ། རང་རིགས་དང་རང་སྐད་ལ་སྣང་ཆུང་བྱེད་ཅིང་། གཞན་རིག་གཙུག་ཏུ་འཇོག་མཁན་གྱི་ཤེས་ཆུང་ཐ་ཤལ་བ་དེ་ཡང་མ་ཡིན་པར། འདས་སོང་ལོ་རྒྱུས་ཀྱི་དཔང་པོ་ཞིག་དང་མ་འོངས་བརྗེད་མེད་ཀྱི་རྡོ་རིང་ཞིག་སྟེ། སུས་ཀྱང་བསྒྱུར་དུ་མེད་པའི་འདས་མ་ད་གསུམ་གྱི་དན་རྟགས་བླ་ན་མེད་པ་ཞིག་ཏུ་ལགས།

 

ཕྱིས་སུ་མི་རིགས་ཁ་བྲལ་གཏོང་མཁན་གྱི་དྲག་སྤྱོད་པ་ཞེས་ཉེས་མེད་སྙད་འདོགས་དང་། གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་བོད་གཞུང་གི་གཙོས། ཕྱི་སྡོད་བོད་པ་ཉུང་ཤས་ཤིག་གིས་སྐུལ་ལྕག་དང་། བཀའ་རྒྱ་བཏང་བ་རེད་ཅེས་མི་བདེན་རྫུན་སྒྲིག་གི་གཡོ་ཇུས་གང་སར་བཤམས་དུས། ད་གཟོད་ཁྱེད་ཚོ་གང་ཞིག་ཏུ་བུད་སོང་བ་དང་། ཅིས་ཕྱིར་དུ་འབར་སོང་བ་རྟོགས་སོང་བ་མ་ཟད། དཔའ་བརྟུལ་ཞེས་པའི་ཐ་སྙད་འཁྱམ་པོ་འདི་ཡང་ཁོའི་དྲན་འཛིན་གྱི་གཡུལ་སར་གསལ་བར་ཤར་སོང་།

 

དེས་ན་ངའི་ཆེད་འབར་སོང་བའི་ཁྱེད་ཚོ། ང་དང་ངའི་སྤུན་ཟླ་ཚོའི་ཆེད་དུ་འབར་སོང་བའི་ཁྱེད་ཚོ་ནི་ཞི་བདེའི་འོད་སྣང་སྟེར་མཁན་གྱྲི་ཚེ་འབར་དང་། མ་འོངས་ལས་འགུལ་གྱི་ཁ་ཕྱོགས་སྟོན་པའི་སྣེ་ཁྲིད་པ་ཞིག་ཡིན་པའི་ཆ་ནས། ང་དང་ངའི་སྤུན་ཟླ་ཚོས་མྱ་ངན་གུས་འདུད་ཀྱི་མགོ་བོ་ཕྲག་པར་ལེན་བཞིན་ཁྱེད་ཚོར་སྨན་པའི་དྲུག་འགྱུར་མ་ཎིའི་ལམ་རྒྱག་རེ་རེ་སླུ་མེད་མཆོག་གསུམ་ལ་སེམས་པའི་ཟབ་ས་དང་། ངག་གི་སྙན་ས་ནས་སྤྲངས་ཡོད།

 

ད་དུང་ཁྱེད་ཚོས་བཏོན་པའི་ལམ་ཕྲན་འདིའི་སྣེ་ནས་ལྡོག་མགོ་འཇོག་མཁན་གྱི་འབྱུང་འགྱུར་སྤུན་ཟླ་གྲངས་མང་ཞིག་ཡོད་རྒྱུ་རེད་ལ། ལམ་ཕྲན་འདིའི་ངོ་གདོང་ལ་འགྱུར་བ་བྱིན་ཏེ། ཆེས་ཛ་དྲག་གི་གཡང་གཟར་ཞིག་ཏུ་འགྱུར་ཉེན་ཆེ་བར་མ་ཟད། མཁྲེགས་བཟུང་ཅན་གྱི་སྲིད་ཇུས་དང་། དམར་པོའི་རང་ལུགས་ཀྱི་སྲིད་གཞུང་མགོ་གཏིང་ལོག་པའི་ལྟས་ཐོག་མ་དེ་ཡང་ཡིན་སྲིད།   

                                                                                         ༢༠༡༢ཟླ་༥་ཚེས་༢་ཉིན།