ཨ་རི་བརྙན་འཕྲིན་གྱི་གསར་འགོད་པ་ཚོའི་དྲི་བ་དང་བྱེད་ལུགས། ཤུགས་རྐྱེན་ལ་རྒྱང་བལྟ་བྱེད།

བོད་མི་ཚོར་ཆབ་སྲིད་ཀྱི་ཚོར་སྣང་ཤུགས་ཆེར་ལངས་བཞིན་པའི་སྐབས་འདི། ཨ་རིའི་བོད་སྐད་བརྙན་འཕྲིན་ལ་དོ་སྣང་ཤུགས་ཆེར་བྱེད་ཀྱི་ཡོད་ལ། ལྷག་དོན་ལྷོ་ཕྱོགས་ཀྱི་དགོན་སྡེ་ཁག་གིས་གནས་ཚུལ་ཐོན་རིམ་བཞིན་ཕབ་བཤུས་བྱས་ཏེ། གུང་སེང་གི་དུས་ཚོད་དང་བསྟུན་ནས་དགེ་འདུན་པ་ཚོར་གཟིགས་འབུལ་ཞུ་གི་ཡོད་པ་དང་། གཞིས་ཆགས་ཁག་གི་ནང་དུའང་དེ་བཞིན་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཡིན་ནའང་། ཨ་རིའི་བརྙན་འཕྲིན་ཁང་གི་གསར་འགོད་པ་ཚོས་བགྲོ་གླེང་གི་སྐབས་དྲི་བ་དྲིས་སྟངས་དང་བྱེད་ལུགས། དེ་དང་འབྲེལ་ནས་བོད་པའི་སྤྱི་ཚོགས་སུ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་ཡོད་པ་རྣམས། དབྱེ་ཞིབ་ཀྱི་ཐོག་ནས་གཤམ་དུ་བཀོད་ཡོད་པས་བློ་གཟུ་བོར་གནས་པ་ཚོས་བསམ་ཚུལ་གསུང་བའི་རེ་བ་ཡོད་་་་་་་་་་

དང་པོ། ཨ་རིའི་བརྙན་འཕྲིན་གྱི་གསར་འགོད་པ་བསྡུ་སྟངས་ཇི་ལྟར་ཡིན་མིན་དང་། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་དེའི་ཐད་ཐེ་གཏོགས་བྱེད་དབང་ཡོད་མེད། གསར་འགོད་པ་འཕོ་འགྱུར་གཏོང་བར་ཆ་རྐྱེན་དང་གསར་བསྡུ་བྱེད་པ་ཆ་རྐྱེན་གང་ཞིག་དགོས་མིན་གསལ་ཁ་དགོས་ཀྱི་འདུག ད་ལོ་ཨ་རིའི་བརྙན་འཕྲིན་ཁང་སྒོ་རྒྱག་གྲབས་བྱས་པས། སྤྱི་འཐུས་ཤིག་གིས་བཀའ་ཤག་ལ་ཐུགས་སྣང་ཞེན་སྐུལ་ཕུལ་ནས། བཀའ་ཤག་གིས་ཨ་རི་གཞུང་ལ་རེ་སྐུལ་བྱེད་རྒྱུ་ཡིན་པའི་ཁས་ལེན་བྱས་སྟངས་བལྟས་ན། བཀའ་སྤྱི་གཉིས་ཀར་དེའི་ཐད་ལ་བཟང་སྤེལ་ཉེན་འགོག་བྱེད་པའི་དབང་ཆ་ཡོད་ཚོད་འདུག་པས། རྗེས་མ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་འོག་ཏུ་འཆད་འགྱུར་ཡིན་པའི་གནད་དོན་དག་ལ་བགྲོ་གླེང་གནང་བའི་རེ་བ་བྱེད་ཀྱི་ཡོད།

གཉིས་པ། ཨ་རིའི་བོད་སྐད་བརྙན་འཕྲིན་གྱི་གསར་འགོད་པ་འགའ་རེའི་ཡུལ་སྐད་དམ་དྲགས་ནས་བོད་མི་སྤྱི་ཁྱབ་ཀྱིས་གོ་ཐུབ་ཀྱི་མེད་པས། ཁ་པར་བཏང་ནས་ཡུལ་སྐད་དམ་དྲགས་པའི་སྐོར་བརྗོད་མཁན་མང་པོ་བྱུང་ཡོད་ཀྱང་། གཅིག་གིས་གཅིག་སྦས་ཐབས་ཀྱིས་ལན་མགོ་མེད་མཇུག་མེད་རེ་བརྒྱབ་ནས་དུས་ཚོད་འཁྱོལ་གང་ཐུབ་བྱེད་ཀྱི་ཡོད། གཞིས་ཆགས་ཁག་དང་བོད་ཁྱིམ་གྱི་སློབ་གྲྭ་ཁག་ལ་བཅར་བའི་སྐབས། ཨ་རིའི་བོད་སྐད་བརྙན་འཕྲིན་གྱི་གསར་འགོད་པའི་ཡུལ་སྐད་དམ་དྲགས་པའི་སྐོར་ཤོད་མཁན་ཤིན་ཏུ་མང་པོ་འདུག ད་དུང་གྲྭ་ས་སོགས་མི་ཚོགས་མཉམ་འདུས་ཀྱིས་གསར་འགྱུར་གཟིགས་སྐབས། གསར་འགྱུར་ཤོད་མཁན་གྱི་སྐད་དམ་ལྷོད་ལ་བལྟས་ནས། མི་ཚོགས་འདུས་མིན་ལ་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་པ་ཡོངས་གྲགས་ཡིན་པས་འདིའི་ཐད་གླེང་སློང་བྱེད་དགོས།

གསུམ་པ། གསར་འགོད་པ་ཚོས་སྐུ་མགྲོན་ལ་བགྲོ་གླེང་བྱེད་པའི་སྐབས། གསར་འགོད་པས་རང་གི་དྲི་བ་ལ་རང་ཉིད་ཀྱིས་འགྲེལ་བཤད་བརྒྱབ་ནས། མང་པོ་ཞིག་སྐུ་མགྲོན་གྱི་ལན་ལས། གསར་འགོད་པའི་དྲི་བ་རིང་བ་ཆགས་ཀྱི་ཡོད་པ་དང་། སྐུ་མགྲོན་འགའ་རེས་ལན་བརྒྱབ་པའི་སྐབས། གསར་འགོད་པ་ཚོས་རང་ཉིད་ཀྱི་དྲི་བ་ལ་འགྲེལ་བཤད་བརྒྱབ་པ་ལྟར། ལན་ཡང་དེ་བཞིན་ཕྱིར་སློག་སྐབས་དྲི་བ་དོན་མེད་དང་ཟློས་སྐྱོན་ཆགས་འགྲོ་བ་ཤིན་ཏུ་མང་པོ་ཡོད་པས། རྒྱལ་སྤྱིའི་གསར་འགོད་པ་ཚོས་དྲི་བ་གཏོང་སྟངས་དང་། གསར་འགྱུར་རིག་པ་བཅས་ལ་སློབ་སྦྱོང་བྱས་ཏེ་ཅུང་ཟད་ཡར་རྒྱས་གཏོང་དགོས་རྒྱུ་ནི་གནད་འགག་ཆགས་ཡོད་པས། རྗེས་འགྱུར་གསར་འགོད་པ་བསྡུ་རུབ་སྐབས་གསར་འགྱུར་རིག་པའི་སློབ་སྦྱོང་ཚད་ལྡན་ཡོད་པ་དགོས་རྒྱུའི་སྐོར་གླེང་སློང་བྱེད་དགོས།

དཔེར་ན། བྷི་བྷི་སིའི་གསར་འགོད་པ་ཚོས་དྲི་བ་གཅིག་ལ་སྐར་ཆ་སུམ་བཅུ་མ་གཏོགས་འགོར་མི་ཆོག་བརྗོད་ཀྱི་ཡོད་ལ། འཛམ་གླིང་གི་གནམ་གཤིས་སྔོན་བརྡ་སྐར་མ་གཅིག་ནང་འགྲེལ་བརྗོད་ཐུབ་པ་དགོས་ཟེར་བ་ལྟར་བྱེད་ཀྱི་ཡོད། ཨ་རིའི་བོད་སྐད་བརྙན་འཕྲིན་གྱི་གསར་འགོད་པ་ཚོས་བགྲོ་གླེང་བྱེད་པའི་སྐབས། གདེང་ཚོད་མེད་ནས་ད་དུང་ཡང་ལུས་དང་སྐད་ལ་འདར་གསིག་རྒྱག་གི་ཡོད་ལ། སྐད་ཆ་འགའ་རེ་དྲི་བ་དང་བསམ་ཚུལ་གང་ཡིན་གསལ་ཁ་མེད་པའི་ཐོག་ནས་གློ་བུར་དུ་ཚིག་མཚམས་འཇོག་གི་ཡོད་པས། སྐུ་མགྲོན་ཚོའི་ལན་ཡང་དེ་བཞིན་གསལ་ཁ་མེད་པའི་ཐོག་ནས་འགྲོ་དགོས་པ་ཆགས་ཀྱི་ཡོད་པ་འདིའི་ཐད་དོ་སྣང་གནང་དགོས།

བཞི་པ། ཨ་རིའི་བརྙན་འཕྲིན་ཁང་གི་གསར་འགོད་པ་རྣམ་རྒྱལ་ཤཱ་སི་ཐིར་ལྟ་བུར་མཚོན་ན། བོད་སྐད་བརྙན་འཕྲིན་གྱི་གདེང་ཆ་ཕྱོགས་ཞེན་གྱི་གདེང་ཆ་ལ་བེད་སྤྱོད་གཏོང་གི་ཡོད། དཔེར་ན། བཀའ་བློན་འོས་བསྡུའི་འགྲན་རྩོད་འགྲོ་བཞིན་པའི་སྐབས།( གདམ་ཁ་) ཟེར་བའི་ལེ་ཚན་ཞིག་བཞག་ནས་བགྲོ་གླེང་བྱེད་པའི་སྐབས། གསར་འགོད་པ་རྣམ་རྒྱལ་གྱིས། འགའ་རེ་ལ་ཁྱེད་ཀྱིས་ཕྱག་ལས་གནང་འདུག ཆ་ཚང་བ་གནང་འདུག ཕན་ཐོག་བྱུང་འདུག་ཟེར་བ་སོགས་མཐུན་ཕྱོགས་ཁོ་ན་བཤད་ནས། དེ་དང་འཚམས་པའི་བརྙན་པར་ཡང་གྲ་སྒྲིག་བྱས་ནས་བསྟན་པ་རེད།

འགའ་རེ་ལ། ཁྱེད་ཀྱིས་ཕྱག་ལས་གནང་ཡོད་གསུངས་ཡོད་ཀྱང་ཆ་ཚང་གནང་མི་འདུག ཉམས་མྱོང་གལ་ཆེན་པོ་མ་རེད་གསུངས་འདུག་ཟེར་ནས་ཚིག་གསར་བཟོ་བྱས་པ། དྷ་སར་དཔུང་སྒྲིག་ཆེད་དུ་སླེབས་ཡོད་ཟེར་འདུག་སོགས་ལྡོག་ཕྱོགས་ཁོ་ན་བརྗོད་ནས། དེ་དང་འཚམས་པའི་བརྙན་པར་ཡང་གྲ་སྒྲིག་བྱས་ནས་བསྟན་པ་རེད། བཀའ་ཁྲིའི་རྒྱལ་ཁ་སུ་ལ་ཐོབ་མིན་གནད་འགག་མེད་ཀྱང་། གསར་འགོད་པས་གདེང་ཆ་བེད་སྤྱོད་ལོག་པ་བཏང་བའི་ནག་ཉེས་བསགས་ཡོད་པ་དང་། མི་མང་ལའང་དེས་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ནས། རྣམ་རྒྱལ་གྱི་དམིགས་ཡུལ་འགྲུབ་པར་བར་ཆད་བྱས་ཡོད་ལ། ད་དུང་ཡང་རྣམ་རྒྱལ་གསར་འགོད་པའི་རྐུབ་སྟེགས་ནས་གནས་དབྱུང་གཏོང་འདོད་བྱེད་མཁན་བོད་མི་ཤིན་ཏུ་མང་པོ་ཡོད་པས། བཀའ་སྤྱི་གཉིས་ཀྱི་དགོངས་ཚུལ་ཉན་འདོད་ཡོད།

ལྔ་པ། ཁ་པར་མང་པོའི་ནང་གསར་འགོད་པ་ཚོས་བོད་ཆས་གྱོན་དགོས་ཀྱི་འདུག་ཅེས་རེ་སྐུལ་ཞུ་མཁན་ཡོང་གི་ཡོད་ཀྱང་། དེ་ལ་མཚམས་རེར་འབྲེལ་མེད་ཀྱི་ལན་བརྒྱབ་ནས་ཁ་བཀག་པ་དང་། མཚམས་རེར་རེ་སྐུལ་དེ་སྣང་མེད་གཏོང་གི་ཡོད་པ་དེ། གསར་འགོད་པ་དང་བརྙན་འཕྲིན་ལས་ཁུངས་ཀྱི་རྩ་དོན་དང་འགལ་གྱི་ཡོད། བརྙན་འཕྲིན་གྱི་ལེ་ཚན་གཅིག་རེས་གཟའ་ལྷག་པར་འཁེལ་གྱི་ཡོད་པ་དང་། དེ་ནི་༧གོང་ས་མཆོག་གི་བླ་གཟའ་དང་བོད་ནང་གི་བོད་མི་ཚོས་(ལྷག་དཀར་)སྲུང་བརྩིའི་ལས་འགུལ་ལ་འཁེལ་གྱི་ཡོད།

ལྷག་དཀར་སྲུང་བརྩིའི་ནང་དོན་ནི། བོད་ནང་ ༢༠༠༨ ལོར་ཞི་རྒོལ་བྱས་ནས་བཟུང་ཉིན་དེའི་རིང་བོད་ཆས་གྱོན། བོད་ཟས་ཟ། བོད་སྐད་བརྒྱབ། རང་ཉིད་བོད་པ་ཡིན་པ་དྲན་དུ་གསོས་ཟེར་བ་དེ་རེད། དྷ་ས་སྲང་ལམ་དུ་ཁྲོམ་སྟོན་མཁན་ཚོས་ཀྱང་། ལྷག་དཀར་ཉིན་བོད་ཆས་མ་གྱོན་ན་ཆད་པ་གཅོད་པའི་ལས་འགུལ་ཞིག་འགྲོ་བཞིན་ཡོད་ལ། བོད་གཞུང་གི་ལས་བྱེད་མང་པོ་ཞིག་གིས་ཉིན་དེར་བོད་ཆས་གྱོན་ནས་ལས་ཁུངས་སུ་འགྲོ་གི་འདུག གཞིས་ཆགས་ཁག་མང་པོ་ཞིག་གི་ནང་། ཉིན་དེར་བོད་ཆས་གྱོན་པ་ཙམ་མིན་པ་བསང་གསོལ་ཡང་བྱེད་པའི་ལས་འགུལ་ཞིག་འགྲོ་བཞིན་ཡོད། བོད་ནང་གི་བོད་མི་ཚོས་ག་ཚོད་གནང་གི་ཡོད་མེད་ཟུར་བལྟས་ལེབ་མཐོང་ཡིན་པས་འགྲེལ་བརྗོད་དགོས་དོན་མེད་པས། ཨ་རིའི་བོད་སྐད་བརྙན་འཕྲིན་ཤོད་མཁན་ཚོས་གདེང་ཆ་དེའི་ཐོག་ལྷག་དཀར་སྲུང་བརྩི་བྱས་ན་ཤུགས་རྐྱེན་ཆེན་པོ་ཡོད་པས། བོད་ཆས་གྱོན་ན་མི་འགྲིག་པའི་གནད་དོན་གང་ཞིག་ཡོད། དེའི་ཐད་མི་མང་གི་ཚབ་བྱས་ནས་གླེང་སློང་བྱེད་དགོས།

དྲུག་པ། ཨ་རིའི་གཞུང་གིས་བརྙན་འཕྲིན་ནང་གསར་འགྱུར་བཤད་པའི་སྐབས་རང་ལུགས་ཀྱི་གོས་གྱོན་མི་ཆོག་པའི་བཀའ་ཡོད་དམ? དེ་ཡིན་ན་ཁ་ཆེའི་སྐད་ཀྱི་ཨ་རིའི་བརྙན་འཕྲིན་ཤོད་མཁན་ཚོས། རང་ལུགས་ཀྱི་ཆས་གོས་གྱོན་མཁན་འདུག་པ་དེ་དག་གིས་ཁྲིམས་ལ་སྲུང་བརྩི་མ་བྱས་པ་རེད་དམ? བོད་ནང་དབུས་སྐད་ཀྱི་བརྙན་འཕྲིན་དང་མཚོ་སྔོན་ཨམ་སྐད་ཀྱི་བརྙན་འཕྲིན། ཁམས་སྐད་ཀྱི་བརྙན་འཕྲིན་གསུམ་གྱི་གསར་འགོད་པ་ཚང་མས། ག་དུས་ཡིན་རུང་བོད་ཆས་གྱོན་ནས་གསར་འགྱུར་ཤོད་ཀྱི་འདུག་པས་འདིའི་དགོས་དོན་གང་ཡིན་ནམ? ཨ་རིའི་བརྙན་འཕྲིན་བོད་དུ་གསང་བ་བྱས་ནས་ལྟ་མཁན་མང་པོ་ཡོད་པ་དང་། བོད་ཆས་གྱོན་དགོས་པའི་རེ་སྐུལ་ཇི་ཙམ་བྱས་ཀྱང་། སྣང་འཇོག་མ་བྱས་པ་དེས་བོད་མི་དེ་དག་གི་སེམས་ཁམས་སུ་བག་ཆགས་གང་ཞིག་བཞག་ཡོད་མེད་ཤོད་ཚོད་དཀའ་བ་ཡིན། ལྷག་དོན་ལྷག་དཀར་སྲུང་བརྩིའི་ཉིན་མོ་དེར་བོད་ཆས་མ་གྱོན་པ་དེ་ནི། ཀུན་གྱིས་མཐོང་བའི་གདེང་ཆ་དང་ཀུན་གྱིས་དོ་སྣང་བྱེད་པའི་གདེང་ཆ་དེ་ཚུལ་མཐུན་བེད་མ་སྤྱོད་པ་ཆགས་འགྲོ་བའི་ཉེན་ཁ་ལ་འགྲོ་བཞིན་པས། ངེས་པར་དུ་གླེང་སློང་བྱེད་དགོས།