ཚོར་སྣང་སེམས་ཀྱི་འཕར་ལྡིང་།

རྒྱ་གར་དབུས་གཞུང་གིས་ཐད་ཀར་འཛིན་སྐྱོང་འོག་གི་བོད་མིའི་སྒྲིག་འཛུགས་ཀྱི་སིམ་ལ་གཏན་འཇགས་སློབ་གྲྭ་དབུ་བརྙེས་ནས་ལོ་ལྔ་བཅུའི་འཁོར་བའི་དགའ་སྟོན་དུས་ཆེན་དེ་སང་ཉིན་ཚེས ་༥ ཉིན་དངོས་སུ་བསྲུང་བརྩི་ཞུ་རྒྱུ་ཡིན་པ་དང་།  མཛད་སྒོ་དེར་བོད་ཀྱི་སྒུ་མགྲོན་གཙོ་བོ་མཁས་དབང་ཟམ་གདོང་རིན་པོ་ཆེ་ཡིན་ཞིང་།

  མཛད་སྒོ་ཉིན་གཉིས་་པ་སྟེ་ཚེས་ ༦  ཉིན་གྱི་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་ལགས་ཡིན།  མཛད་སྒོ་དེ་འཛུགས་དགོས་པའི་་ཉིང་དགོས་་ནི་༸གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་ཕྱིར་དུ་དམིགས་པ་ཞིག་ཡིན།  ཕྱི་ལོ་  ༡༩༦༡  ལོར་ཐོག་མར་བཙུགས་ཤིང་།  ༡༩༦༢  ལོར་བོད་སློབ་འཛིན་ཁོངས་སུ་བཅུག་པ་ཞིག་རེད།  སྔོན་མ་སློབ་ཕྲུག་རྒན་པ་ཚོས་གཞས་ཚིག་གྲགས་ཅན་ཞིག་ཡོད་པ་ནི།འདི་ལྟར།སིམ་སློབ་ཀླུ་ཡི་ཕོ་བྲང་།།སློབ་ཕྲུག་སྤང་གི་མེ་ཏོག།མེ་ཏོག་ཞལ་ཁ་ཕྱེ་ནས།།འཛམ་གླིང་འོད་ཀྱིས་ཁྱབ་སོང་།ཟེར་བ་དེ་རེད།དོན་དངོས་ཐོག་ཀྱང་དེ་ལྟར་ཡིན་པ་ལ།  དེང་སང་བཙན་བྱོལ་སྤྱི་ཚོགས་གང་སར་སློབ་གྲྭ་འདི་ནས་ཐོན་པའི་སློབ་ཟུར་མི་ཉུང་བ་ཞིག་གིས་སྤྱི་ཚོགས་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་ནི་ཅི་འདྲའི་་དགའ་འོས་པ་དང་།  ཅི་འདྲའི་གཟི་བརྗིད་ལྡན་པ་ཞིག་མ་ཡིན་ནམ།  ཞར་དུ་གུས་པའི་སློབ་གྲྭའི་ལྔ་བཅུའི་་དུས་དེབ་ཏུ་བཀོད་པའི་རྩོམ་ཡིག་དེ་འདིར་འགོད་རྒྱུ་ཡིན་་དྲ་གྲོགས་ཚོས་གཟིགས་རོགས་གནང་།

ཚོར་སྣང་སེམས་ཀྱི་འཕར་ལྡིང་།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌-དགེ་བཤེས་ཕུན་ཚོགས་དབང་འདུས།
གང་གི་བཀའ་དྲིན་སྲིད་ན་གཞལ་དཀའ་ཞིང་།
གང་ལ་མི་ཕྱེད་དད་པས་ཕྱག་བགྱིས་ཏེ།།
གང་ཁྱེད་བཀའ་དྲིན་ཆ་ཤས་གསེབ་པའི་སླད།།
གང་གསུང་རྗེས་སུ་མཐུན་པའི་གཏམ་འདི་སྤེལ།།
ཕྱི་ལོ་ ༢༠༠༦ ཟླ་ ༠༣ ཚེས་ ༡༠ ཉིན་སིམ་སློབ་ཀླུའི་ཕོ་བྲང་དུ་ལས་འཇུག་ཞུས་ནས་ད་བར་ལོ་དྲུག་ལྷག་ཅིག་ཕྱིན་པ་དེ་ནི་མིའི་མི་ཚེ་ལ་གཞིགས་ན་དུས་ཚོད་ཐུང་ངུ་ཞིག་རྩ་ནས་མ་རེད། ལོ་དེ་དག་གི་ནང་དུ་སློབ་ཕྲུག་གི་ཤེས་ཡོན་དང་། བཟང་སྤྱོད།  སྒྲིག་ལམ། འཕྲོད་བསྟེན་བཅས་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ ༸གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པའི་བཀའ་དགོངས་དང་། ཅི་གསུངས་བཀའ་སྒྲུབ་ཇི་བཞིན་ཞུ་ནུས་བྲལ་ཡང་། མཆོད་པའི་མཆོག་ནི་བཀའ་བཞིན་བསྒྲུབས་པའི་མཆོད་པ་ཡིན་གཤིས་དོ་སྣང་དང་ཤུགས་སྣོན་གྱི་ཚུལ་དུ་རྒྱུན་ཆགས་སུ་འཛིན་གྲྭར་སློབ་ཁྲིད་གང་ཡོང་ཅི་ནུས་ཞུས་པ་དང་། རེས་གཟའ་ལྷག་པ་ནམ་ཡིན་ལ་བཅོམ་ལྡན་འདས་ཀྱི་ཟབ་ཞི་སྤྲོས་བྲལ་གྱི་ཆོས་ཚུལ་ལས་འཕྲོས་པའི་གསུང་ཆོས་རབ་དང་རིམ་པ་མང་པོ་གནང་ཁུལ་བགྱིས་ཀྱང་། གནའ་མིའི་བོད་ཀྱི་གཏམ་དཔེར། སེམས་བསམ་པས་བར་སྣང་ལ་རྟ་རྒྱུགས་ཀྱང་། །དོན་དངོས་པོའི་ལག་མཐིལ་ལ་སོ་མི་ཐེབས། །ཞེས་གསུངས་པ་ལྟར། གནད་ལ་འཁེལ་བ་ཞིག་དང་འདོད་པ་ཁེངས་པ་ཞིག་ནམ་ཡང་ཡོང་གི་མི་འདུག  སྤྱིར་མིའི་ཤེས་ཡོན་དང་། བཟང་སྤྱོད་ཡར་རྒྱས་གཏང་རྒྱུ་དེ་གཞུང་དང་། དགེ་རྒན། ཕ་མ། སློབ་ཕྲུག་བཅས་ཀུན་ལ་ལྟོས་ས་ལྟོས་འཇོག་གི་སྒོ་ནས་གཞག་རྒྱུ་ཞིག་ཡིན་པ་ལས་ཕྱོགས་གཅིག་ཁོ་ནས་ཡོང་བ་ཞིག་རྩ་བ་ནས་གཞི་གྲུབ་པ་ཞིག་མིན་པ་གཤམ་དུ་རང་གི་སེམས་ལ་གང་འཆར་ཞིག་བཤད་རྒྱུ་ཡིན།
དང་པོ་གཞུང་གི་ངོས་ནས་ཇི་ལྟར་བྱ་དགོས་ཞེ་ན། ཤེས་ཡོན་སྲིད་ཇུས་གཏན་འབེབས་གནང་བ་ཙམ་གྱིས་ངོམས་ཤིང་ཚིམས་ནས་མི་བཞུགས་པར་ལག་ལེན་དངོས་མ་ལ་འཁེལ་ཐབས་ཕྱོགས་ཐམས་ཅད་ནས་ཐབས་བརྒྱ་ཇུས་སྟོང་གིས་ནུས་ཤུགས་དངོས་སུ་བོད་ཀྱི་ཤེས་ཡོན་ར་བ་ཁག་ཏུ་སླེབས་པ་ཙམ་མ་ཟད་འགུལ་བསྐྱོད་མི་འདྲ་བ་ཐེབས་པ་དང་། དེ་བཞིན་དགེ་རྒན་དང་སློབ་མར་མཐུན་རྐྱེན་གང་ལེགས་བསྒྲུབས་ཏེ་དེང་རབས་ཅན་གྱི་ཤེས་ཡོན་ར་བ་ཞིག་བསྐྲུན་པ་ལ་སྔོན་ཐོན་རྒྱལ་ཁབ་ཀྱི་སློབ་གྲྭ་ཁག་ལ་མིག་དཔེར་བལྟ་ཐུབ་པ་བྱ་དགོས་པ་ལས། ད་དུང་དུས་རབས་ཉི་ཤུ་པའི་དུས་སྟོད་བཞིན་མཐུན་རྐྱེན་ཧ་ཅང་ཞེན་པའི་གནས་སྟངས་འོག་ཁ་ཕོད་མང་པོ་ཞིག་བཤད་ཀྱང་འབྲུག་སྐད་སྟོང་གྲགས་ཀྱི་དཔེ་དང་ཅིའི་མི་མཚུངས། དགེ་རྒན་དང་། སློབ་ཕྲུག་ལ་དེང་རབས་ཅན་གྱི་སློབ་ཆས་ཐོགས་པ་མེད་པར་མཁོ་སྒྲུབ་དགོས་པ་ནི་དུས་རབས་དང་མཐུན་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་ཀ་མེད་དུ་མི་རུང་བ་ཞིག་རེད། དཔེར་ན། རྒྱ་གར་གཞུང་གིས་ལོ་ལྟར་སློབ་གྲྭའི་འགྲོ་གྲོན་རྒྱུན་ཆད་མེད་པར་སྩོལ་སྒྲུབ་གནང་གི་ཡོད་ཀྱང་དངོས་སུ་སློབ་གྲྭར་སྨིན་ཡོད་མེད་ཞིབ་འཇུག་ཅིག་གནང་ན་བརྒྱ་ཆ་སུམ་ཅུ་ཙམ་ཡང་སློབ་གྲྭ་དང་སློབ་མའི་མཐུན་རྐྱེན་ཐོག་བབས་ཐུབ་ཀྱི་མེད་པ་ནི་ས་རིས་ཐང་གསལ་རེད། འོ་ན་འགྲོ་གྲོན་དེ་དག་རང་བཞིན་ཀྱིས་ཆུད་ཟོས་སུ་སོང་མི་སྲིད་ལ། དེ་ནི་གནད་ཡོད་ལས་བྱེད་དང་མགོ་ཁྲིད་དག་གིས་ལྐོག་ཟ་རུལ་སུངས་བྱས་ཀྱི་ཡོད་པ་དངོས་སུ་བཤད་ཕོད་མཁན་མེད་ཀྱང་ལྐོག་ཏུ་ལབ་གླེང་སྣ་ཚོགས་བྱེད་ཀྱིན་ཡོད། གནས་སྟངས་དེ་འདྲ་ནི་ཞིབ་ཏུ་བསམས་ན་ཧ་ཅང་གིས་མ་རབས་དང་། རང་གི་རྒྱལ་ཁབ་ཀྱི་ཡར་རྒྱས་ཀྱི་སྒོ་མོ་འགོག་པའི་བཀག་རྡོ་གོང་ན་མེད་པ་ཞིག་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས། ལས་ངན་ཚབ་ཆེན་དེ་འདྲ་རིགས་མི་ཡོང་ཐབས་ཀྱང་གཞུང་འཛིན་པས་གལ་ཆེན་དོན་ཆེན་ལ་གཟིགས་ནས་འགྲོ་གྲོན་བརྒྱ་ཆ་བརྒྱ་ཤེས་ཡོན་ར་བ་གང་དུ་བཏང་ཡང་དེ་དང་དེར་སྨིན་པ་ཞིག་བྱེད་ཐུབ་ན་ཤིན་ཏུ་ནི་ངོ་མཚར་ཆེ་ལ་དགེ་ཞིང་དོན་དང་ལྡན་པ་ཞིག་ཀྱང་རེད། སེམས་པ་སྐྱོ་བ་ཞིག་ལ་འཛམ་བུ་གླིང་མང་ཆེ་བ་དུས་རབས་ཉི་ཤུ་རྩ་གཅིག་ཚན་རིག་གི་འཇིག་རྟེན་ནམ་མིས་བསྐྲུན་པའི་ལྷ་ཡུལ་ལྟ་བུར་གྱུར་ཡོད་ན་ཡང་། ང་ཚོའི་སློབ་གྲྭ་འདི་ནི་ད་དུང་ལོ་རབས་བདུན་ཅུ་དང་བརྒྱད་ཅུའི་གནས་སྟངས་ལྟར་རྗེས་སུ་ལུས་ནས་བསྡད་ཡོད་པ་མ་ཡིན་ནམ། ཡར་ཐོན་ཅན་ཚང་མ་མིས་བཟོས་པ་ཤ་སྟག་ཡིན། དེ་ཡང་སྒྲིག་འཛུགས་དང་ཁྲིམས་སྲོལ་འབད་སྩོལ་བཅས་ལ་བརྟེན་ནས་སྩོལ་བྱུང་ཤ་སྟག་ཡིན་པ་ལས་རང་བཞིན་ལྷན་སྐྱེས་ཀྱི་ས་འོག་ནས་ཐོན་པའི་རང་བྱུང་ཐོན་བསྐྱེད་ལྟ་བུ་ག་ལ་ཡིན། དེས་ན་ང་ཚོའི་རྗེས་ལུས་དེ་ཡང་མིས་རྒྱུ་ནོར་ལོག་པར་སྤྱད་པ་དང་། འཛིན་སྐྱོང་ཁྲིམས་མཐུན་མ་བྱུང་བ་དང་། གཞུང་ནོར་སྒེར་སྤྱོད་དང་། སྩོལ་བའི་ནུས་ཤུགས་སོགས་ཀྱིས་མ་འདང་བ་འབའ་ཞིག་ཡིན་པ་གོར་མ་ཆག  དེས་ན་གཞུང་གིས་ཐད་ཀར་འཛིན་སྐྱོང་ཚགས་སུ་ཚུད་པ་བྱ་རྒྱུ་ཧ་ཅང་གིས་གལ་ཆེན་པོ་ཡིན་ནོ།།
གཉིས་པ་དགེ་རྒན་ཀྱི་ངོས་ནས་ཇི་ལྟར་བྱ་དགོས་ཞེ་ན།   དགེ་རྒན་ལ་ཚང་དགོས་པའི་ཡོན་ཏན་མི་དམན་པ་དགོས་རྒྱུ་སྨོས་མེད་ཐོག་དངོས་སུ་ལས་ཀ་བྱེད་སྐབས་རང་གི་རྒྱལ་ཁབ་ལ་ཤ་ཞེན་དང་། རྒྱལ་ཁབ་ཀྱི་སོན་རྩ་སློབ་ཕྲུག་ལ་རང་གི་བུ་བཞིན་གཅེས་པའི་བྱམས་སྐྱོང་། སློབ་མས་ཅིག་ཤེས་ན་སྙམ་པའི་ཁུར་སེམས་དོར་མེད་ཀྱིས་སློབ་ཁྲིད་བྱ་རྒྱུ་ལས་ཡིག་ཐོག་སྙིང་རྗེ་མོ་མང་པོ་ཞིག་བཀོད་དེ་ལག་ལེན་དངོས་མའི་ཐོག་ཉི་མ་གང་འཁྱོལ་དང་། དེ་ལས་ཐབས་སྐྱོ་བ་ཞིག་ལ་དགེ་རྒན་སློབ་ཁྲིད་ཡག་པོ་བྱེད་མཁན་ལ་ཕྲག་དོག་གིས་གཞི་མེད་སྐྱོན་འཛུགས་མང་པོ་བྱས་ཤིང་། དམའ་རིམ་དགེ་རྒན་ཞིག་ཡིན་ན་འབྲིང་རིམ་དགེ་རྒན་གྱི་བྱེད་ཀྱི་མི་འདུག འབྲིང་རིམ་དགེ་རྒན་ཞིག་ཡིན་ན་མཐོ་རིམ་དགེ་རྒན་གྱི་འཇོན་གྱི་མི་འདུག ང་ཚོས་འོག་ནས་ཡག་པོ་བསླབས་ཡོད་ཀྱང་གོང་དུ་སླེབས་ནས་འཕྲོག་བརླག་བཏང་ཤག ཡང་མཐོ་རིམ་དགེ་རྒན་ཞིག་ཡིན་ན་དམའ་འབྲིང་ནས་ཡག་པོ་བསླབས་མི་འདུག་ཕྲུ་གུ་མཐོ་རིམ་སླེབས་ན་བྱེད་རྒྱུ་གང་ཡང་ཡོད་མ་རེད་ཟེར་བ་སོགས་གཅིག་ཁག་གཅིག་གཡོགས་མིན་པར་ལྷག་བསམ་རྣམ་དག་གིས་རང་འཁྲིའི་ལས་འགན་དེ་རང་ཉིད་ཀྱིས་འགན་ཁུར་ཐུབ་པ་ཞིག་བྱ་དགོས་ཏེ། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། རྒྱལ་ཁབ་ཀྱི་འཛུགས་སྐྲུན་ནི་མང་ཚོགས་ཀྱི་ཤེས་ཡོན་ལ་རག་ལས་ཤིང་། མང་ཚོགས་ཀྱི་ཤེས་ཡོན་སློབ་གྲྭའི་དགེ་རྒན་ལ་རག་ལས་པས་ཡུལ་གྱི་འཛུགས་སྐྲུན་གྱི་ནང་དགེ་རྒན་ལས་གལ་གནད་ཆེ་བའི་ལས་བྱེད་པ་སུ་ཡང་མེད། ཅེས་གསུངས་ལ། སློབ་གྲྭའི་དབུ་འཛིན་རྣམ་པས་ཀྱང་མིག་གཉིས་བར་གྱི་སྣ་བཞིན་དྲང་པོ་དྲང་བཞག་གིས་འཛིན་སྐྱོང་གནང་རྒྱུ་ལས་དགེ་རྒན་ལས་ཀ་ཡག་པོ་བྱེད་མཁན་དེ་སུ་ཡིན་མིན། མིས་བཤད་པ་ཙམ་ལ་ཆ་མི་འཇོག་པར་རང་ཉིད་སྐུ་ངོ་མས་གཟིགས་ཐུབ་པ་གནང་དགོས། སྤྲེལ་ལབ་ཤོད་མཁན་གྱི་གཡོ་འོག་ཏུ་ནམ་ཡང་ཚུད་མི་རུང་། དེའི་གཡོ་འོག་ཏུ་ཚུད་ན་རང་ཉིད་ལ་རྣམ་དཔྱོད་མེད་པའི་རྟགས་རེད། སྤྲེལ་ལབ་ལ་བྱང་བ་ཞིག་ཡིན་ན་དེའི་དམིགས་ཡུལ་ནི་དབུ་འཛིན་རྨོངས་སུ་བཅུག་སྟེ་རང་ཉིད་རྒྱལ་ཐབས་ཁོ་ན་ཡིན་པ་ལས་དབུ་འཛིན་ལ་རྒྱབ་སྐྱོར་དང་། དགའ་ཞེན་གྱིས་བྱས་པ་གཏན་ནས་མིན། ཞིབ་ཏུ་ལྟོས་དང་ལས་ཀ་ཡག་པོ་བྱེད་མཁན་གྱི་མི་དེ་ནི་མི་ལ་སྐྱོན་མི་བརྗོད་ཅིང་ངོ་ལྐོག་རྒྱབ་མདུན་གང་དུ་ཡང་རང་ཉིད་ཀྱི་ལས་འགན་ཏག་ཏག་བྱེད་ཀྱི་ཡོད་ལ་རྟག་པར་དབུ་འཛིན་གྱི་འཁྲིས་ལ་བཅར་ཏེ་སྤྲེལ་ལབ་དེ་བས་ཀྱང་མི་བཤད། ཡང་དབུ་འཛིན་ལ་ཚང་དགོས་པ་དེ་ལས་གལ་ཆེ་བ་ཞིག་ནི་ཉེ་དགའ་ཕྱོགས་ཞེན་དང་། དགྲ་འདུལ་གཉེན་སྐྱོང་གི་ཁོར་ཡུག་བཙོག་སྦགས་ཅན་མི་བསྐྲུན་པར་གཟིགས་སྐྱོང་ཁྲིམས་མཐུན་གནང་དགོས། ལར་དེང་སང་གི་དུས་སུ་དཀོན་མཆོག་དཔང་བཙུགས་ཀྱིས་ལས་ཀ་བྱེད་མཁན་ཚོར་མཐོང་དང་ངོ་སོ་མེད་ཅིང་། མ་རུང་ཁོག་བཅིངས་ཀྱིས་མིག་སྟོན་ལེགས་པ་ཙམ་བྱེད་མཁན་ལ་ཁེ་དང་རྒྱལ་ཁ་ཐོབ་ཀྱི་ཡོད་པ་འདྲ་པོ་མཐོང་ཡུལ་ན་གསལ་ཡང་དོན་དངོས་མ་ཐོག་མི་དེ་འདྲ་རིགས་ལ་སྐྱིད་པོ་ཡོང་གི་མ་རེད།  ཕྱི་ལོ་ ༡༩༩༥ ཟླ ༠༣ ཚེས་ ༢༥ ཉིན་ཧར་པ་སྤུར་སློབ་གྲྭའི་དགེ་སློབ་ལ་བསྩལ་བའི་བཀའ་སློབ་ལས། དྲང་པོ་དྲང་བཞག རྒྱབ་མདུན་ངོ་ལྐོག་མེད་པ་བྱེད་མཁན་ཚོར་སྐབས་རེ་ལམ་འགྲོ་མེད་པ་ལྟ་བུ་ཡོད་ནའང་སེམས་ཤུགས་ཆག་རྒྱུ་ཡོད་པ་མ་རེད། མིའི་སྤྱི་ཚོགས་ནང་ཡ་རབས་དང་། དྲང་བདེན་ཟེར་བ་དེ་བདེ་སྐྱིད་ཀྱི་རྩ་བ་རེད། ཤེས་ཡོན་ཡར་རྒྱས་བཏང་བ་དང་ཆབས་ཅིག་བསམ་པ་བཟང་པོ་དགོས་པ་དེ་ལ་ངེས་པར་དུ་དོ་སྣང་བྱ་དགོས། ཞེས་གསུངས་པ་ལས་ཤེས།  དམའ་རིམ་དགེ་རྒན་ཞིག་ཡིན་ན་སློབ་ཕྲུག་གི་འབྲི་ཀློག་ལ་ཐོགས་པ་མེད་པ་ཞིག་དགོས། འབྲིང་རིམ་དགེ་རྒན་ཞིག་ཡིན་ན་སློབ་ཕྲུག་གིས་འབྲི་ཀློག་བྱང་ཆུབ་པ་མ་ཟད་དགོངས་ཞུ་དང་། གཏོང་ཡིག་སྙན་ཞུ་སོགས་རྒྱུན་སྤྱོད་ཡིག་རིག་འབྲི་རྒྱུ་ལ་དཀའ་ངལ་མེད་པ་ཞིག་བཟོ་དགོས། མཐོ་རིམ་དགེ་རྒན་ཞིག་ཡིན་ན་སློབ་ཕྲུག་འབྲི་ཀློག་གི་རྩལ་ཡོད་པ་ཙམ་མ་ཟད། སྒྱུ་རྩལ་རྩོམ་ཡིག་སྒྲུང་དང་། སྙན་རྩོམ། དཔྱད་རྩོམ། འབོལ་རྩོམ་སོགས་སྲོལ་རྒྱུན་དང་དེང་རབས་རང་མོས་རྩོམ་ཡིག་སོགས་གཞན་ལ་རེ་མི་དགོས་པར་རང་ཉིད་ཀྱིས་ལག་པ་ནས་ཤར་ཤར་ཐོན་པ་ཞིག་ངེས་པར་དུ་བྱ་དགོས་ཀྱང་། དམའ་རིམ་ནས་ཡི་གེ་ཀློག་མི་ཤེས་མཁན་དང་། འབྲིང་རིམ་ནས་དགོངས་ཞུ་ཙམ་ཡང་འབྲི་མི་ཤེས་མཁན། མཐོ་རིམ་ན་ཐ་ན་སྙན་ཞུ་དང་། རྩོམ་ཡིག་འཁྱར་འཁྱོར་རེ་ཡང་འབྲི་མི་ཤེས་མཁན་གྱི་སློབ་མ་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་ནི་ཅི་འདྲའི་ཡ་ང་ཞིང་བློ་ཕམ་དགོས་པའི་གནས་ཚུལ་ཐབས་རྡུགས་ཤིག་མ་རེད་དམ།
གསུམ་པ་ཕ་མའི་ངོས་ནས་ཇི་ལྟར་བྱ་དགོས་ཞེ་ན། དབུ་འཛིན་དང་དགེ་རྒན་རང་ཉིད་ཕྲུ་གུ་བཅས་ལ་ཡང་ཡང་ཐུག་འཕྲད་ཀྱིས་རང་གི་ཕྲུ་གུའི་སྤྱོད་ལམ་དང་། དོན་གཉེར། འབད་བརྩོན་སོགས་ཇི་ལྟར་བྱེད་ཀྱི་ཡོད་མེད་རྒྱུས་ལོན་བྱས་ཏེ་ལེགས་པར་ཤེས་པ་བྱེད་དགོས། ཕྲུ་གུར་ཟས་གོས་ཀྱིས་གཟིགས་སྐྱོང་གནང་དགོས་ནའང་མང་དྲག་ན་འགལ་རྐྱེན་དུ་འགྱུར་ནས་ཕན་ཚབ་ལས་གནོད་ཚབ་ཆེ་བ་ཡིན་པས་རྒྱུ་ནོར་ལ་ཕངས་སེམས་མེད་ཀྱང་ཕྲུ་གུར་མང་ཉུང་རན་པ་སྤྲོད་ཤེས་པ་དགོས། ཡང་གཏན་ནས་ཕྲུ་གུ་ལ་ཐུག་འཕྲད་མི་བྱས་པར་སློབ་གྲྭ་གཡུག་རྐྱང་བྱས་ན་ཕྲུ་གུའི་སེམས་ཁམས་ལ་ཕོག་ཐུག་ཆེན་པོ་འགྲོ་གིན་ཡོད་པས་སྣང་མེད་བསྐྱུར་འཇོག་བྱས་ནའང་མི་འགྲིགས་ལ་ཡིན་གཅིག་མིན་གཉིས་ལྟ་རྟོག་རན་པོ་ཞིག་བྱེད་ཤེས་པ་བྱ་དགོས། ལྷག་པར་དུ་ཕ་མས་འཛིན་གྲྭའི་དགེ་རྒན་དང་། སློབ་ཚན་དགེ་རྒན་ལ་གྲོས་བསྡུར་ཡང་ཡང་བྱས་ནས་དགེ་སློབ་ཀྱི་འབྲེལ་བ་ཡག་པོ་ཆགས་ཐབས་དང་ཕྲུ་གུའི་མདུན་དུ་དགེ་རྒན་ལ་ཆེ་མཐོང་སྤྲད་དགོས། དགེ་ཕྲུག་གིས་དགེ་རྒན་ལ་ཆེ་མཐོང་དང་དད་སེམས་ཤིག་སླེབས་ན་རང་བཞིན་གྱིས་ཁོང་གིས་བསླབས་བཞག་པའི་སློབ་ཚན་ལའང་དོ་སྣང་ཡག་པོ་ཡོང་གི་ཡོད། དགེ་རྒན་དང་སློབ་ཕྲུག་བར་གྱི་འབྲེལ་ཟམ་ལྟ་བུ་དེ་ཕ་མས་བྱེད་ཤེས་པ་བྱ་དགོས། དེ་ལྟར་མིན་པར་ལྡོག་ཕྱོགས་ནས་ཕྲུ་གུའི་མདུན་དུ་དགེ་རྒན་ལ་སྐྱོན་བརྗོད་སོགས་བྱས་ན་སློབ་ཕྲུག་དང་དགེ་རྒན་བར་གྱི་དམ་ཚིག་ལ་ཕོག་ཐུག་གཏོང་གིན་ཡོད་པས་ངེས་པར་དུ་གནས་དེ་དག་ལ་ཕ་མས་གཟབ་དགོས་པ་གནད་ཀྱི་དམ་པ་ཡིན། དཔེར་ན། རང་རེའི་སིམ་ལ་སློབ་གྲྭ་འདྲ་པོ་ཡིན་ན་ཕ་མ་ཚོས་རང་གི་ཕྲུ་གུ་སློབ་གྲྭ་ཐག་རིང་དུ་བསྐྱལ་ནས་བཞག་གི་ཡོད། འོན་ཀྱང་ཕྲུ་གུ་མང་ཆེ་བས་ནི་སློབ་གྲྭ་ཡག་པོ་ཞིག་ཏུ་སླེབས་ཀྱང་སློབ་ལས་ཐད་ཕ་མའི་འདོད་བློ་ཁེངས་པ་བྱེད་ཀྱི་མེད། ཕྲུ་གུ་ཡག་པོ་ཞིག་ཡིན་ན་སློབ་གྲྭ་ག་འདྲ་ཞིག་ཏུ་བཞག་ཀྱང་རང་གིས་སློབ་སྦྱོང་ལ་འཐུ་ཤོར་རྩ་ནས་གཏོང་གི་མེད། དེས་ན་སིམ་ལ་མི་མང་གིས་སིམ་ལ་གཏན་སློབ་དེ་ཡག་པོ་ཉར་དང་མི་ཉར་དེ་རང་གི་ཕྲུ་གུ་སློབ་གྲྭ་འདིར་བཞག་དང་མི་བཞག་གི་རྗེས་སུ་འགྲོ་ལྡོག་བྱེད་ཀྱི་ཡོད། གལ་ཏེ་སིམ་ལ་མི་མང་གིས་ཕུགས་ཀྱི་བསམ་བློ་ཞིག་བཏང་ཐུབ་ན་དེ་ནི་ས་གནས་ཕྲུ་གུ་ཚང་མ་ས་གནས་འདིའི་སློབ་གྲྭར་བཞག་ནས་ཕ་མས་ཚོགས་ཆུང་གིས་དགེ་རྒན་དང་དབུ་འཛིན་ལ་འབྲེལ་ལམ་ཡག་པོ་བཙུག་ནས་སློབ་ཁྲིད་ཚགས་སུ་ཚུད་ཐབས་བྱ་རྒྱུ་ཡོད་པ་ཞིག་རེད། བོད་ཀྱི་གཏམ་དཔེར། ཁྱིམ་མཚེས་བླ་མར་དད་པ་མེད། ཅེས་གསུངས་པ་ལྟར་རང་རེད། ཡང་སངས་རྒྱས་ཆོས་ཀྱི་ནང་དུ། གནས་ཀྱི་བླ་མ་མ་བསྟེན་པ་དང་། ཞེས་རང་གི་གྲོང་པ་ཁྱིམ་མཚེས་ཀྱི་བླ་མ་མ་བསྟེན་པར་ཐག་རིང་དུ་བླ་མ་བསྟེན་པར་སོང་ན་ཉེས་པ་ཡོད་པར་གསུངས་ཤིང་། རང་རེ་སིམ་ལ་མི་མང་གིས་ཀྱང་ས་གནས་ཀྱི་སློབ་གྲྭ་ཡག་པོ་འདི་འདྲ་གཡུག་ནས་ཕྲུ་གུ་ཐག་རིང་བསྐྱལ་བ་ནི་འགྲོ་སོང་ཐོལ་པ་རེད་ལ་རང་གིས་རང་ལ་བདག་གཅེས་བྱེད་མ་ཤེས་པ་རང་རེད། སིམ་ལ་སློབ་གྲྭ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་འདི་དང་བསྟུན་ནས་སིམ་ལ་ས་གནས་མི་མང་ཡོངས་ཀྱིས་གྲོས་བསྡུར་ལེགས་པོ་ཞིག་གནང་ནས་ས་གནས་ཕྲུ་གུ་རྣམས་སློབ་གྲྭ་གཞན་དུ་སྐྱེལ་མི་ཆོག་པའི་ཁྲིམས་ཤིག་བཟོས་ནས་སིམ་སློབ་ཀླུའི་ཕོ་བྲང་དུ་སློབ་ཕྲུག་གསེར་གྱི་མེ་ཏོག་ཁྲི་ཕྲག་དུ་མ་བཞད་དེ་དྲི་བསུང་འཛམ་གླིང་ཡོངས་སུ་ཐུལ་བའི་གནམ་ས་བླ་འོག་ཏུ་བསྒྱུར་བའི་འཕོ་འགྱུར་ཆེན་པོ་ཞིག་ཐེབས་ན་ཅི་མ་རུང་། ཕ་མས་ཕྲུ་གུར་ལྟོས་གོས་སྒྲུབ་པ་ཁོ་ན་ཙམ་མིན་པར་ཤེས་སྤྱོད་ཡར་རྒྱས་གཏོང་བ་ལའང་ཕ་མར་འཁྲི་བའི་ལས་འགན་མང་པོ་ཡོད་ཕ་མ་ཚོས་གནས་སྟངས་དེ་ངེས་པར་ཤེས་དགོས་པ་ཡིན་ནོ།།
བཞི་པ་སློབ་ཕྲུག་ངོས་ནས་ཇི་ལྟར་བྱ་དགོས་ཞེ་ན། གཟུར་གནས་བློ་ལྡན་དོན་གཉེར་བ་ཞེས་གསུངས་པ་ལྟར། གཤིས་རྒྱུད་དྲང་པོ་དང་རིག་པ་ཡག་པོ་སློབ་སྦྱོང་བྱེད་འདོད་ཀྱི་བསམ་བློ་ཡག་པོ་ཡོད་པ་བཅས་ནི་སྨོས་མེད་རེད། དེའི་ཐོག་དེང་དུས་ཀྱི་ཆས་གོས་འདྲ་མིན་གོན་རྒྱུ་ལ་དབྱིངས་ཞུགས་པ་ཞིག་མིན་པ་དང་། དེ་བཞིན་རྩེད་རིགས་འདྲ་མིན་དུས་ཚོད་མི་གཏོང་མཁན།  རྔན་པ་བཟའ་རྒྱུ་དང་རྣམ་གཡེང་ལ་དགའ་བ། སྙིང་པོ་མེད་པའི་གཏམ་བཤད་ལ་དགའ་བ། དེ་བཞིན་རང་གི་མི་རིགས་ཀྱི་ལ་རྒྱ་མེད་པ། སྐད་ཡིག་ལ་མཐོང་མི་འཇོག་མཁན། ཐ་ན་རང་གི་མི་ཚེའི་མདུན་ལམ་ཙམ་ལའང་བསམ་བློ་མེད་པ་མིན་པ་ཞིག་ངེས་པར་དུ་དགོས་པ་ཡིན། ཉིན་རེའི་སློབ་གྲྭའི་ནང་འཛིན་གྲྭ་འཚོགས་པའི་སྐབས་བློ་རིག་བསྒྲིམས་ཏེ་དགེ་རྒན་དང་ནག་པང་སློབ་དེབ་གསུམ་ལ་དོ་སྣང་ངེས་པར་བྱེད་དགོས། འཛིན་གྲྭ་མེད་པའི་དུས་ཚོད་སྟོང་པའི་སྐབས་རང་སྦྱོང་འབྲི་རྒྱུ་དང་སྒྲུང་དེབ་འདྲ་མིན་དང་། ཚེགས་པར་བཀླག་རྒྱུ་ལ་སྤྲོ་སྣང་དང་གོམས་གཤིས་ཡག་པོ་འཇགས་པ་ཞིག་བྱ་དགོས། ཤེས་ཡོན་ཅན་དང་རང་གི་དགེ་རྒན་སོགས་ལ་འདྲི་བརྩད་བྱེད་ཐུབ་པའི་སྤོབས་པ་མཐོན་པོ་དང་། འདྲ་མཉམ་སློབ་གྲོགས་ཚོར་གོ་རྟོགས་སྤེལ་རེས་ཀྱི་བགྲོ་གླེང་དང་དོགས་གཅོད་བྱེད་ཤེས་པའི་ཁ་གསང་པོ་ཞིག་དགོས་པ་ཡིན། རྒྱུན་དུ་ཁ་མིག་ཡར་ལྟ་དང་། དཀོན་མཆོག་ལ་དད་པ།  ལས་འབྲས་ལ་བརྩི་བསྲུང་། ངོ་ཚ་ཞིང་ཁྲེལ་ཡོད་པ། རང་ལས་མཐོ་དོགས་ཀྱིས་ཕྲག་དོག རང་དམན་ཉམ་ཆུང་ལ་མཐོང་ཆུང་དང་བརྙས་སྨོད་སོགས་སྤངས་པའི་ཡ་རབས་སྤྱོད་བཟང་ལྡན་པའི་ཐོག ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ལ་སློབ་སྦྱོང་ལ་ཤུགས་སྣོན་དང་། རྟག་གུས་བརྩོན་པའི་སྦྱོར་བ་ལྷོད་མེད་བགྱིས་ཏེ་གཞན་གྱིས་བལྟས་ན་སྨོན་དགོས་པ་དང་རང་གིས་བལྟས་ན་ངོམས་ཆོག་པ་ཞིག་ཅི་ནས་དགོས། ཕྱི་ལོ་ ༡༩༩༤ ཟླ་ ༡༡ ཚེས་ ༡༠ ཉིན་མེ་སོར་གཞིས་སྒར་སློབ་གྲྭར་བསྩལ་བའི་བཀའ་སློབ་ལས། ང་རང་ཚོ་འགྲོ་བ་མིའི་རིགས་ཀྱི་བསམ་བློ་འདི་སེམས་ཅན་གཞན་དང་མི་འདྲ་བར་ནུས་ཤུགས་ཆེན་པོ་དང་། གཏིང་རིང་པོ། རྒྱ་ཆེན་པོ་གཏོང་ཐུབ་མཁན་རྩ་བ་ཆེན་པོ་ཡིན། དེའི་རྐྱེན་གྱིས་མི་ཚོས་ནུས་པ་ཆེན་པོ་བཏོན་ཐུབ་ཀྱི་ཡོད། མི་ལ་ལྷན་སྐྱེས་ཀྱི་བསམ་བློའི་ནུས་པ་ཤུགས་ཆེན་པོ་ཡིན། སློབ་སྦྱོང་མེད་ན་རྩ་བའི་མིའི་ཀླད་པ་སྤུས་དག་ཡག་པོ་ཡོད་ན་ཡང་བེད་སྤྱོད་ཡག་པོ་བྱེད་མི་ཐུབ། དེས་ན་ཤེས་ཡོན་ཤིན་ཏུ་གལ་ཆེན་རེད། ལུང་པ་སྤྱིའི་ཐོག་ནས་བཤད་ན་ཡང་། འཛམ་གླིང་གི་ལུང་པ་སོ་སོའི་ནང་མི་མང་གིས་ཤེས་ཡོན་ཅི་ཙམ་ལེགས་པ་ཚོད་ཀྱིས་ལུང་པ་ཡར་རྒྱས་ཡོད་པ་དང་། མི་མང་ཤེས་ཡོན་སྐྱོ་བ་ཚོ་ལུང་པ་རྗེས་ལུས་ཐེབས་ཀྱི་ཡོད། སོ་སོ་མི་སྒེར་ངོས་ནས་ཆ་བཞག་ནའང་། ཤེས་ཡོན་ཡོད་པའི་ཚོད་ཀྱིས་སོ་སོའི་ལས་ཀ་རླབས་ཆེ་བ་བྱེད་ཐུབ་པའི་ཕན་ཐོགས་ཡོད། མི་ཚེ་དོན་ལྡན་ཡོང་བ་དང་། མི་ཚེའི་དགོས་དོན་ཚང་བ་ཞིག་ཡོང་བ་ལ་མིའི་རྣམ་དཔྱོད་ཆ་ཚང་བེད་སྤྱོད་ཐུབ་པའི་ལྡེ་མིག་ལྟ་བུ་ཤེས་ཡོན་ཡིན་པས་ཤེས་ཡོན་སློབ་སྦྱོང་བྱ་རྒྱུ་འདི་ཤིན་ཏུ་དགོས་མཁོ་ཆེན་པོ་དང་། ཕྲུ་གུ་ཆུང་དུས་གུང་སེང་མང་ཙམ་བྱུང་ན་བསམ་པ་ཡོང་གི་རེད་དེ། སློབ་སྦྱོང་བྱ་རྒྱུ་ཤིན་ཏུ་གལ་ཆེན་ཡིན་པ་ཤེས་པའི་ཐོག་ནས་ཁྱེད་ཚོས་བརྩོན་འགྲུས་ཡག་པོ་བྱེད་དགོས། ཡིག་ཚད་གཏོང་ཁར་ཧུར་བརྩོན་བྱས། ཡིག་ཚད་ཚར་བ་དང་ལྷོད་གཡེང་བྱས་ན་གཏན་ནས་མི་འགྲིགས། སློབ་སྦྱོང་བྱས་པ་དེ་མི་ཚེ་བཟང་པོ་དང་། སྐྱིད་པོ་བསྐྱལ་རྒྱུའི་ཆེད་དུ་རེད་མགཏོགས།  ཡིག་ཚད་གཏོང་རྒྱུའི་དོན་དག་མ་རེད། སོ་སོའི་རྣམ་དཔྱོད་ཀྱི་ནུས་པ་ཆ་ཚང་བེད་སྤྱོད་ཡག་པོ་ཐུབ་པའི་དོན་ལ་སློབ་སྦྱོང་སྤྲད་ཀྱི་ཡོད་པས་སློབ་ཚན་ཁག་ནི་ལྡེ་མིག་ལྟ་བུ་ཡིན། ལྡེ་མིག་དེ་དག་གིས་ཤེས་བྱའི་དཀྱིལ་འཁོར་རྒྱ་ཆེན་པོའི་སྒོ་ཕྱེ་ནས་དེ་རྣམས་ཕྲ་ལྷམ་མེར་མཐོང་ཐུབ་པ་བྱེད་དགོས། སློབ་དེབ་ནང་གི་ཚིག་ངག་ཟིན་བྱས་པ་ཙམ་ལས་དོན་དག་མ་ཤེས་ན་སྙིང་པོ་གང་ཡང་མེད། སློབ་སྦྱོང་ནི་སྤྱི་སྒེར་གང་ཅིར་གལ་ཆེན་ཡིན་པ་ཤེས་པ་བྱས་ཏེ། དེར་དཀའ་ལས་ཁག་སྣང་མིན་པར།  སེམས་ཤུགས་བསྐྱེད་དེ་སློབ་སྦྱོང་ཡག་པོ་བྱེད་དགོས། ཞེས་སོགས་བཀའ་ཕབ་པ་ལས་སློབ་ཕྲུག་གིས་ཇི་ལྟར་བྱེད་དགོས་མིན་རིན་ཐང་ཆེ་བའི་བཀའ་སློབ་འདི་དག་ཞིབ་ཀློག་ཐེངས་གཅིག་བྱས་ན་ད་གཟོད་དཔྱིས་ཕྱིན་པ་ཞིག་ཤེས་པར་འགྱུར།  ཤེས་ཡོན་ཐད་ཀྱི་བཀའ་སློབ་ཁག་རང་ལ་གཅེས་པ་རྣམས་ཀྱིས་ཅིས་ཀྱང་བཀླག་པར་འཚལ་ལོ།།    །།
སྨྲས་པ།
འདི་ནི་ལྷག་བསམ་རྒྱུ་བཟང་རབ་བསྐྲུན་ཀྱང་།།
ལ་ལར་སྙན་བཟང་བུ་རམ་རྒྱན་འགྱུར་ལ།།
ལ་ལར་རྣ་བར་གཟན་པའི་ཚེར་མར་ཚོར།།
གང་ལྟར་གངས་ཅན་པ་ལ་གཞེན་སྐུལ་ཡིན།།
ཁོ་བོའི་ཚོར་སྣང་ཕྱི་རུ་སྟོན་པ་འདིས།།
ཁྱེད་ལ་ལམ་ནོར་ལྡོག་ཤེས་བསླབ་ཚིག་ཅེས།།
ཁ་ནས་བཤད་ཕོད་སྤོབས་པ་མི་འདུག་ཀྱང་།།
གཟུར་གནས་བློ་ལྡན་དག་ལ་ཕན་ཡང་སྲིད།།
འཇིག་རྟེན་མཁྱེན་པའི་ཚད་མའི་གཞུང་ལུགས་ལ།།
       ངོམས་མེད་རིང་དུ་ཐོས་བརྩོན་བྱས་པའི་མཐུས།།
       འཆད་དཀའི་ལྐོག་གྱུར་གསང་བ་དུ་མ་ཞིག།
       བོད་ལ་སྨན་ཕྱིར་མི་གསང་འདིར་བརྗོད་དོ།།    །།
ཞེས་པ་འདི་ཡང་དགེ་ཆེ་དགྲ་འདུལ་ལགས་དང་། སློབ་ཟུར་ཚོགས་པའི་རྒྱུན་ལས་བཅས་ཀྱིས་རྒྱུ་བསྐུལ་གནང་བ་དང་། ལྷག་པར་དུ་བོད་དགེ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་སློབ་གྲྭར་སྡོད་ཡུན་རིང་གི་ཚོར་སྣང་ཞིག་བྲིས་ན་ཡག་པོ་འདུག་ཅེས་གསུངས་པ་བཞིན་བརྗོད་གཞི་འདི་གཞིར་བཞག་སྟེ་ཕྱི་ལོ་ ༢༠༡༢ ཟླ་བ་ ༠༣ ཚེས་ ༢༡  ༸གོང་ས་མཆོག་གི་སྐུའི་བླ་གཟའ་རེས་གཟའ་ལྷག་པ་ཉིན་བྲིས་པ་འདིས་ཀྱང་བླ་མེད་རྫོགས་བྱང་ཐོབ་པའི་རྒྱུར་འགྱུར་བར་སྨོན།།    །།