གོམ་བགྲོད་བ་མ་བུ་གསུམ་གྱིས་རྒྱ་མིའི་སྐར་ལྔའི་དར་དམར་ག་དུས་ནས་འཁྱེར་འགོ་བཙུགས་ཡོད།

དྷ་སའི་ཆབ་སྲིད་མི་སྣ་དང་ཚོགས་པ་རེ་ཟུང་གིས་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ལ་སྐར་ལྔའི་དར་དམར་འཁྱེར་དགོས་པའི་སྐུལ་མ་བྱས་པའི་དོགས་པ་ཡོད་ལ། དེ་བཞིན་མ་བུ་གསུམ་གྱི་ཆོད་སེམས་དང་དཀའ་སྡུག་དེ་ཆབ་སྲིད་མི་སྣའི་གཡོ་འོག་ཏུ་སོང་ནས། ཀུན་གྱི་བསྟོད་སྔགས་དང་རེ་བ་ཚང་མ། ངོ་རྒོལ་གྱི་གསར་འགོད་བསྒྲགས་གཏམ་དང་སྲང་ལམ་གྱི་གླེང་གཞི་ལ་གྱུར་སོང་བ་དེས། སེམས་ལ་སྐྱིད་པོ་མེད་པའི་སྣང་བ་སྟེར་བྱུང་། མ་བུ་གསུམ་གྱི་རྐང་པའི་གོམ་བགྲོད་རེ་རེས་འཇལ་བའི་ས་ནག་དོག་པོ་དང་། དངུལ་ཆུ་དང་བཀྲེས་ལྟོགས་ཀྱིས་བསྐྱལ་བའི་ལོ་ཟླ་དེ་དག་དོན་མེད་དུ་གྱུར་སོང་བའི་མཚམས་ལ་སླེབས་སོང་བས། གཤམ་དུ་དྷ་སའི་ཚབ་སྲིད་མི་སྣ་དང་ཚོགས་པ་རེ་ཟུང་གིས། མ་བུ་གསུམ་ལ་རྒྱ་དམར་གྱི་སྐར་ལྔའི་དར་དམར་འཁྱེར་དགོས་པའི་སྐུལ་མ་བཏང་བའི་དོགས་གཞིའི་སྐོར་དབྱེ་ཞིབ་བྱས་ཡོད་པས། བློ་གཟུར་བོ་གནས་པ་དང་མཁྱེན་ལྡན་པ་ཚོས་དགོངས་ཚུལ་གསུང་བར་དགའ་བསུ་ཞུ་་་་་་་་་་་་་་་་་་་་་

ཚེ་བརྟན་རྡོ་རྗེ་མ་བུ་གསུམ་དྷ་ས་ནས་གོམ་བགྲོད་འགོ་བཙུགས་སྐབས་ང་སྐྱེལ་མ་བྱེད་མཁན་གྱི་ཁོངས་སུ་ཡོད། སྐབས་དེར་བོད་པའི་རྒྱལ་དར་ཆེན་པོ་ཞིག་འཁྱེར་ཡོད་པ་ལས་སྐར་ལྔའི་དར་དམར་དང་བལ་ཡུལ་གྱི་རྒྱལ་དར་མེད། དེ་ནས་ཉིན་གྲངས་རིམ་གྱིས་འདས་ནས་སྐབས་ཤིག་སྐར་ལྔའི་དར་དམར་འཁྱེར་ཡོད་པའི་སྐོར་ཤོད་མཁན་མང་པོ་ཆགས་སོང་ལ། ཉིན་ཞིག་ཨ་རིའི་བོད་སྐད་བརྙན་འཕྲིན་ནང་དུའང་སྐར་ལྔའི་དར་དམར་དེ་གསལ་པོ་བསྟན་སོང་། ལས་འགུལ་དེ་འགོ་བཙུགས་ནས་ཉིན་གྲངས་འགའི་རྗེས་སུ། དྷ་སའི་ཚོགས་པ་བཅུ་གཅིག་གིས་ཚོགས་འདུ་ཞིག་འཚོགས་སོང་། སྐབས་དེར་དབུ་མའི་ལམ་ལས་འགུལ་ཁང་གི་བུ་ཡོན་ཏན་སོགས་ཀྱིས། གོམ་བགྲོད་པ་རྣམས་རྒྱ་གར་གྱི་མངའ་སྡེ་ཡུ་པི་སོགས་བརྒྱུད་སྐབས། གོམ་བགྲོད་པ་མ་རྒན་དང་བུ་མོ་གཉིས་ལ་དཀའ་ངལ་ཆེན་པོ་ཡོད་པས། ཚོགས་པ་རེ་རེས་ཧིན་སྒོར་ཁྲི་ ༢ ་རེ་བསྡུ་ནས། ཚོགས་པ་རེ་ནས་མི་གཉིས་རེ་གོམ་བགྲོད་བ་རྣམས་ལ་སྲུང་སྐྱོབ་ཀྱི་ཆེད་དུ་འགྲོ་དགོས་ལུགས་དང་། གལ་ཏེ་ཚོགས་པ་གང་ཞིག་གི་མི་འགྲོ་མེད་ན། ཚོགས་པ་དེ་ནས་ཧིན་སྒོར་ཁྲི་ ༤ རེ་བཏོན་དགོས་པའི་སྐོར་བརྗོད་ནས། དྷ་སའི་ཚོང་ཁང་སྐྱིད་སྡུག་ལ་མི་འགྲོ་མེད་པས་ཧིན་སྒོར་ཁྲི་ ༤ སྤྲད་དགོས་བྱུང་ཡོད་འདུག

ཚོགས་པ་བཅུ་གཅིག་གི་ཚོགས་འདུས་སར། དབུ་མའི་ལམ་ལས་འགུལ་ཁང་གི་ཚོགས་གཙོ་ཟླ་བ་ཚེ་རིང་དང་བུ་ཡོན་ཏན་གཉིས་ཀྱིས། གོམ་བགྲོད་པ་མ་བུ་གསུམ་དབུ་མའི་ལམ་གྱི་འཐབ་རྩོད་འོག་ནས་གོམ་བགྲོད་བྱེད་ཀྱི་ཡོད་པས། ཚོགས་པ་ཚོའི་འཐུས་མི་གོམ་བགྲོད་པ་དང་ལྷན་དུ་འགྲོ་ནས་གསར་འགོད་གསལ་བསྒྲགས་སྤེལ་དགོས་རབས་སོགས་བརྗོད་ཡོད་ཀྱང་། ཚོགས་པ་ལྔའི་འཐུས་མི་ཚོས། མ་བུ་གསུམ་སྒེར་གྱི་ཐོག་ནས་གོམ་བགྲོད་བྱས་པ་ལས་ཚོགས་པ་གང་ཞིག་གི་མིང་ཐོག་ནས་གོམ་བགྲོད་བྱས་མེད་པས། དེ་ལྟར་ཚོགས་པ་བྱེ་བྲག་པ་ཞིག་གིས་འགན་འཁྱེར་ནས་གསར་འགོད་གསལ་བསྒྲགས་སོགས་བྱེད་དགོས་དོན་མེད་ཅེས་ངོ་རྒོལ་བྱས་པས། སྤྱི་འཐུས་ཟླ་བ་ཚེ་རིང་དང་བུ་ཡོན་ཏན་གཉིས་ཀྱི་འཆར་གཞི་ལམ་ལྷོང་བྱུང་མེད། དེ་ནས་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་བར་ཚོགས་པ་བཅུ་་གཅིག་གི་འཐུས་མིས་སྐྱེལ་མ་བྱེད་རྒྱུ་དང་། ཧིན་སྒོར་འབུམ་གཅིག་ལྷག་ཙམ་བསྡུས་པ་དེས་སྐྱེལ་མ་བྱེད་མཁན་ལ་འགྲོ་གྲོན་མ་འདང་ན། ད་དུང་ཡང་བསྡུ་འཆར་ཡོད་སྐོར་ཚོགས་པའི་འབྲེལ་ཡོད་ཀྱི་མི་ཚོས་དྷ་སའི་སྲང་ལམ་དུ་ཤོད་ནས་འགྲོ་བཞིན་ཡོད།

དེ་ནས་གོམ་བགྲོད་པ་ཚོས་རྒྱ་གར་དང་བལ་ཡུལ་རྒྱ་ནག་གི་སྐར་ལྔའི་དར་དམར་དེ་ལྷབ་ལྷུག་གཡོ་ནས་འཁྱེར་འགོ་བཙུགས། དེ་རྗེས་ཚོགས་པ་བཅུ་གཅིག་གི་ཚོགས་འདུ་ཞིག་གི་སར། རྒྱ་ནག་གི་སྐར་ལྔའི་དར་དམར་ལ་བགྲོ་གླེང་བྱེད་འགོ་བཙུགས་པ་དང་། དབུ་མའི་ལམ་ལས་འགུལ་ཁང་གི་བུ་ཡོན་ཏན་ཡར་ལངས་ནས། གོམ་བགྲོད་པ་མ་བུ་གསུམ་གྱིས་སྐར་ལྔའི་དར་དམར་འཁྱེར་དོན་ནི། མ་འོངས་པར་ང་ཚོ་དབུ་མའི་ལམ་གྱི་ཐབས་བྱུས་འོག་ནས་བོད་དུ་ལོག་སྐབས། རྒྱ་ནག་གཞུང་དང་ལྷན་དུ་རྒྱ་ནག་གི་སྐར་ལྔའི་དར་དམར་འོག་ཏུ་སྡོད་དགོས་ཀྱི་ཡོད་པས། འཐབ་རྩོད་དེ་མཚོན་ཆེད་དུ་སྐར་ལྔའི་དར་དམར་འཁྱེར་བ་རེད་ཅེས་སྐད་སངས་མཐོན་པོས་འགྲེལ་བརྗོད་བྱས། དེ་ནས་མདོ་མེད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་གསར་པ་དེས། དེ་ནི་གོམ་བགྲོད་པ་སྒེར་གྱིས་འཁྱེར་བ་ཞིག་ཡིན་པས་ང་ཚོར་མ་འཁྱེར་ཟེར་བའི་དབང་ཆ་མེད་ཅེས། དེ་ལས་ཀྱང་སྐད་ཤུགས་ཆེན་པོའི་ཐོག་ནས་བཤད་སོང་། སྐབས་ཤིག་ཚོགས་པ་བཅུ་གཅིག་གི་འཐུས་མི་ཚོ་གཅིག་གིས་གཅིག་ལ་བལྟས་ནས་བསྡད་སོང།

དེ་རིང་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༤ ཉིན་དབུས་གཞོན་ནུའི་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་ནས། མ་བུ་གསུམ་གྱི་གོམ་བགྲོད་འགྲོ་བཞིན་པའི་སྐབས་འདིར། རྒྱ་ནག་གི་སྐར་ལྔའི་རྒྱལ་དར་འཁྱེར་བར་ངོ་རྒོལ་ཡོད་ཅེས་བསྒྲགས་གཏམ་སྤེལ་བ་དེ་ནི། གོམ་བགྲོད་མ་བྱས་པའི་སྔོན་དུ་ཚེ་བརྟན་རྡོ་རྗེ་དབུས་གཞོན་ནུའི་ལས་ཁུངས་སུ་བཅར་བ་དང་། སུམ་བཅུ་དུས་དྲན་གྱི་སྐབས་གཞོན་ནུའི་འཐུས་མི་ཚོས་སྐྱེལ་མ་བྱས་ནས་རྒྱབ་སྐྱོར་ཤུགས་ཆེར་བྱས་སོང་། ངའི་བསམ་པར། རང་བཙན་དང་དབུ་མའི་ལམ་གང་ཞིག་གི་འོག་ནས་རྩ་དོན་འཐབ་རྩོད་བྱས་ཀྱང་ཆོག སྐར་ལྔའི་དར་མར་མེར་སྲེག་བཏང་བར་ངས་ངོ་རྒོལ་བྱེད་ཀྱི་ཡོད་ལ། སྐར་ལྔའི་དར་དམར་འཁྱེར་ནས་བོད་དོན་འཐབ་རྩོད་བྱས་པ་ལའང་ངོ་རྒོལ་བྱེད་ཀྱི་ཡོད། རང་བཙན་རྩོད་ན་རྒྱ་ནག་གི་དར་ཆ་མེར་སྲེག་གཏོང་དགོས་མེད་ལ། དེ་བཞིན་དབུ་མའི་ལམ་རྩོད་ན་སྐར་ལྔའི་རྒྱལ་དར་འཁྱེར་དགོས་མེད། དབུ་མའི་ལམ་གྱི་འོག་ཏུ་ཤར་བསྐྱོད་བྱེད་མཁན་ཚང་མས་སྐར་ལྔའི་དར་དམར་འཁྱེར་དགོས་ན། བོད་གཞུང་བཀའ་ཤག་གི་ཡང་སྟེང་དུ་གནའ་སྔ་མོ་ནས་སྐར་ལྔའི་དར་དམར་བཙུགས་དགོས་ཚོད་ཡིན་??????????????????།

མདོར་བསྡུས་ན། ཚེ་བརྟན་རྡོ་རྗེ་མ་བུ་གསུམ་དབུ་མའི་ལམ་གྱི་དར་ཆ་སྤྱི་ཚོགས་སུ་བསྒྲེངས་འདོད་བྱེད་མཁན་གྱི་ཆབ་སྲིད་མི་སྣ་དང་། དེའི་ལས་འགུལ་ཁང་གིས་བཀོད་བྱུས་འོག་ཏུ་ཚུད་སོང་བའི་དོགས་པ་ཡོད་པས། དང་ཐོག་ལུང་ཚན་དང་ཆོལ་ཁ་མ་བཤད་ནས་དངོས་ཡོད་ཀྱི་བདེན་དཔང་བཙལ་ཏེ། མ་བུ་གསུམ་གྱི་ཆོད་སེམས་ལམ་ལྷོང་དུ་ཡོང་བར་འབད་བརྩོན་བྱེད་དགོས་སོ།།།།