༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡་པ་མཆོག་གིས་འཁྲུངས་སྐར་སྲུང་རྩི།

ཟླ་འདིའི་ཚེས་༢༥་ཉིན་ཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་གང་སར་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡་པ་མཆོག་གིས་འཁྲུངས་སྐར་སྲུང་བརྩི་བྱེད་ཀྱི་ཡོད་པ་བཞིན།  འདི་ག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་གཉིས་ཀྱིས་གོ་སྒྲིག་འོག་ཉིན་འདིའི་ཞོགས་པའི་ཆུ་ཚོད་༨ པའི་ཐོག་མོན་གྷོ་ནོར་བུ་རི་རྩེར་༧ཀུན་གཟིགས་པཎ་ཆེན་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེའི་སྔོན་བསུས་ཏེ་བཞུགས་ཁྲིར་གདན་འདྲེན་ཞུས་ཏེ་མཇལ་དར་བསྒྲོན་འབུལ་དང་ཞབས་རིམ་གསོག་སྒྲུབ་དང་བསངས་གསོལ་རླུང་རྟ་བསྒྲེང་འཛུགས་སོགས་བྱས་ནས་མོན་གྷོ་ས་གནས་སེར་སྐྱ་མི་མང་ཡོངས་ཀྱིས་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡  པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་བྱས་ཡོད་པ་དང་།

དེ་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཕྱོགས་བཞུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས།  དམིགས་བསལ་སྐུ་མགྲོན་མོན་གྷོ་ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་དང་ས་གནས་འགོ་འཛིན་བསོད་ནམ་བསྟན་འཛིན་ལགས་གཙོས་གཞིས་ལས་ཁང་དང་མཉམ་འབྲེལ་དེ་བཞིན་ས་གནས་གྲོས་ཚོགས་བཅས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་མོ་བ་ཡོངས་དང་གྲྭ་ཚང་དང་གཞིས་གྲོང་ཁག་གི་སྤྱི་མི་ཕྱག་མཛོད་རྣམ་དང་དེ་བཞིན་སེར་སྐྱ་མི་མང་ཕོན་ཆེན་བཅས་ཆེད་ཕེབས་གནང་ཡོད་པ་དང་།  མོན་གྷོ་ས་གཞོན་ཚོགས་གཙོ་པདྨ་ཚེ་རིང་ལགས་དང་།  ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན།  དེ་བཞིན་ས་གནས་འགོ་འཛིན་བསོད་ནམ་བསྟན་འཛིན་ལགས་བཅས་ཀྱིས་རིམ་པའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡ པ་མཆོག་ཐོག་མར་༧གོང་ས་མཆོག་གིས་ཡང་སྲིད་དམ་སྐྱེ་སྲིད་འཁྲུལ་བྲལ་ངོ་འཛིན་བྱེད་ཕྱོགས་དང་དེའི་རྗེས་སུ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུགས་བྱས་པ་མ་ཟད་ད་ལྟའི་ཆར་སྐུ་འཚོ་བཞུག་ཙམ་ཡོད་མེད་སུའི་ཀྱང་ཤེས་ཀྱི་ཡོད་པ་རེད་ཅེས་སོགས་གསུངས་སོང་།

 

དེ་རྗེས་སུ་སྐུ་མགྲོན་གཙོ་བོ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་འཁྲུང་སྐར་སྲུང་རྩི་དང་འབྲེལ་བའི་བཀའ་སློབ་གནང་དོན།   པཎ་ཆེན་སྐུ་ཕྲེང་ན་རིམ་གྱི་བོད་གངས་ཅན་ལྗོངས་སུ་ཆོས་སྲིད་གཉིས་ཀྱི་བཀའ་དྲིན་གྱི་བསྐྱངས་ཡོད་པ་རེད།  ལྷག་པར་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་བོད་མི་རིགས་ཤི་གསོན་ཛ་དྲག་གི་གནས་སུ་ཀྱར་ཡོད་སྐབས།  སྐུ་སྲོག་ལ་འཛེམ་ཟོན་མེད་པར་བོད་བསྟན་སྲིད་ཆེད་དུ་རྒྱ་ནག་གཞུང་ལ་ཞུ་སྙན་གྱི་མཚོན་པའི་སྐུ་ངལ་གང་མང་གནང་ཡོད་པ་མ་ཟད།  རིམ་པའི་ཁོང་འཛིན་བཟུང་བཙོན་འཇུག་དང་མཐར་སྐུ་སྲོག་ཀྱང་བོད་མི་རིགས་དང་རྒྱ་བསྟན་ཀྱི་ཆེད་དུ་ཤོར་བའི་རྗེས་དྲན་དང་།   དེ་བཞིན་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ནས་དེ་རིང་གི་མི་ལོ་ཧྲིལ་བོ་༡༧་འཁོར་གྱི་ཡོད་པའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ང་ཚོའི་སྲུང་བརྩི་བྱེད་ཀྱི་ཡོད་པ་འདི་ཕྱོགས་གཅིག་ནས་དགའ་འོས་པ་ཞིག་དང་ཕྱོགས་གཞན་ཞིག་ནས་བཤད་ན་ང་ཚོ་ཡིད་སྐྱོ་དགོས་པ་ཞིག་ཆགས་ཡོད་པ་རེད།  དགུང་ལོ་༢༣ ལ་ཕེབས་པའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུང་སྐར་ང་ཚོས་སྲུང་རྩི་བྱེད་ཀྱི་ཡོད་ན་ཡང་།  ད་ལྟ་སྐུ་དངོས་སུ་མཇལ་གྱི་མེད་པ་མ་ཟད་ཉེས་མེད་བཙོན་འོག་ལ་བཅུགས་བཞག་ཡོད་པ་རེད།  དེ་ཙམ་དུ་མ་ཟད་ད་ལྟ་ཁོང་སྐུ་འཚོ་བཞུག་ཡོད་མེད་ཙམ་ཡང་སུ་གང་གིས་ཤེས་རྟོགས་ཐུབ་ཀྱི་ཡོད་པ་མ་རེད། དེ་འདྲ་ཡིན་ཙང་ང་ཚོ་ཡིད་སྐྱོའི་ངང་འཁྲུང་སྐར་སྲུང་བརྩི་བྱེད་དགོས་ཆགས་པ་རེད། ང་ཚོ་ལ་རླབས་ཆེན་གྱི་སྐྱེ་བུ་དེ་མཇལ་བའི་རང་དབང་དང་ཐོབ་ཐང་ཆ་ཚང་ཡོད་པ་རེད།  ཡིན་ན་ཡང་རྒྱ་ནག་གཞུང་གིས་རང་དབང་དང་ཐོབ་ཐང་ཡོངས་རྫོགས་རྩིས་མེད་རྡོག་རོལ་ལ་བཏང་ནས་ད་ལྟའི་ཆར་སྐུ་དངོས་སུ་མཇལ་བ་ཕར་ཞོག་སྐུ་འཚོ་བཞུགས་ཡོད་མེད་དེ་ཡང་སུ་གང་གིས་ཁ་ཚན་ཆོད་པ་མ་རེད།  བྱུས་ཙང་བོད་མི་མང་གི་དད་འདུན་གྱི་མགོན་སྐྱབས་དེ་ལ་རྒྱ་ནག་གིས་རྩིས་མེད་རྡོག་རོལ་བཏང་བ་དེ་ལ་གོ་སྐབས་འདི་བརྒྱུད་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་།

 

དེ་ལས་གཞན་པའི་ང་ཚོའི་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ལ།  ལྷ་དང་བླ་མ་ཟེར་བ་ལྟ་ཅི།  ཆོས་དུག་ཏུ་རྩི་ཤིང་སྐྱེ་བ་སྔ་ཕྱི་ཙམ་ཡང་ཁས་ལེན་མི་བྱེད་པའི་གུང་ཁྲན་རིང་ལུགས་པ་རྒྱ་ནག་སྲིད་གཞུང་གིས་བོད་གངས་ཅན་གྱི་ལོ་རྒྱུས་ཀྱི་རིང་བཞིན་དང་།  ཆོས་བརྒྱུད་ཀྱི་ལམ་ལུགས་ཡོངས་རྫོགས་ལ་རྩིས་མེད་རྡོག་རོལ།   ལྷག་པར་དུ་ཁོང་གིས་སྐྱོང་ཡུལ་གྱི་གདུར་བྱའི་ཁམས་དབང་མོས་པ་ལ་རྩིས་མེད་རྡོལ་རོལ་བཏང་ནས་ཕྲུ་གུ་ཞིག་ངོ་འཛིན་བྱས་པ་དེ་ལ་ང་ཚོ་བོད་མི་གཞིས་བྱེས་ཡོངས་སུ་རྫོགས་པའི་ངོས་ནས།  པཎ་ཆེན་སྐུ་གོང་མའི་ཡང་སྲིད་ལ་ངོ་འཛིན་མེད་པ་ཙམ་དུ་མ་ཟད། དེ་འདྲའི་བརྒྱུད་ལམ་དེ་་ཚོས་ལོ་རྒྱུས་ཀྱི་ཉེས་ཅན་ཞིག་དང་ཆོས་ལུགས་ཀྱི་གཤེད་མ་ཞིག་ལ་ངོ་མཛིན་མི་བྱེད་ཁ་མེད་ཆགས་ཞེས་དང་།

 

ཡང་ཁོང་གིས་མུ་མཐུད་ནས་གསུང་དོན།  ༧མཁན་ཆེན་འཇིགས་མེད་ཕུན་ཚོགས་དང་གོང་ཐང་བསྟན་པའི་སྒྲོན་མེ་གཉིས་འཆི་རྐྱེན་གང་ཡིན་ངོ་ཟིན་པ་ཞིག་གི་ཐོག་ནས་སྐུ་གྲོངས་པ་དང་།  ༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྣམ་གཉིས་བོད་མི་རིགས་བསྟན་སྲིད་དང་བཅས་པའི་སྲོག་རྩ་ལྟ་བུ་ཞིག་ཆགས་ཡོད་པ་བརྟེན།  རྒྱ་ནག་གཞུང་གིས་གདུག་སེམས་ནག་པོ་ཞིག་གི་འོག་ནས་རྩ་མེད་གཏོང་གི་ཡོད་པ་དེ་ལ་གཞིས་བྱེས་བོད་མི་ཡོངས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་དང་།   དེ་ཙམ་མ་ཟད་ད་ལྟའི་བོད་ནང་གི་གནས་སྟངས་ཀྱང་ཧ་ཅང་གི་ཛ་དྲག་གི་གནས་སུ་ཀྱར་བཞིན་ཡོད་པ་ཚང་མའི་ཤེས་གསལ་རེད། སོང་ཙང་གཞུང་མང་ཡོངས་ཀྱི་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་བོད་དོན་ལས་འགུལ་སྤེལ་དགོས་པ་ཞིག་དང་།  ལྷག་པར་དུ་ང་ཚོ་དུས་ནམ་ཡང་འཐབ་རྩོད་པ་ཞིག་གིས་ངོ་བོའི་ཐོག་འཚོ་གནས་བྱས་ཡོད་པ་ཤེས་དགོས་པ་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང་།

མོན་གྷོ་གསར་འགོད་པས།