བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དར་ཆ་མེར་སྲེག་བཏང་ན་ག་རེ་བྱེད་ག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དར་ཆ་མེར་སྲེག་བཏང་ན་ག་རེ་བྱེད་ག
ཡབ་ཆེན་པ་སངས་ཚེ་རིང། ཁ་བརྡ་དྲ་ཚིགས་ནས་འདྲེན་བཀོད་བྱས།
ཁ་ཞེ་གཉིས་མེད་ཀྱིས་ དངོས་ཡོད་གནས་ཚུལ་བཤད་པ་ཡིན་ན། དར་ཆ་མེར་སྲེག་བཏང་བ་དེ་ཏག་ཏག་བསྡད་ཡོད་པ་མ་རེད། དར་ཆ་དེ་རྒྱལ་ཁབ་ཀྱི་དར་ཆ་རེད། རྒྱལ་ཁབ་ཟེར་དུས་དེའི་འོག་ལ་ཡོད་པའི་མི་མང་ག་ཚོད་ཡོད་ན་དེའི་དར་ཆ་རེད། རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་པར་སྲེག་པ་ཡིན་འདྲ་འདུག ཁོང་ལ་དམའ་འབེབས་ག་ཚོད་བཏང་ནའང་དེ་བཏང་ཆོག་གི་རེད། དེ་འཕོ་འགྱུར་འབྱུང་ཡ་རེད། དར་ཆ་ལ་འཕོ་འགྱུར་ཁྱོན་ནས་ཡོད་པ་མ་རེད། རྒྱལ་ཁབ་དེ་རྩ་གཏོར་ཕྱིན་ན་མ་གཏོགས་དར་ཆ་གནས་རྒྱུ་རེད།
རྒྱལ་ཁབ་དེ་མགོ་མཇུག་མ་སློག་བར་དུ་དེར་མི་སྟོང་ཕྲག་གཅིག་ལས་མེད་ཀྱང་དར་ཆ་ དེ་དེའི་ཚབ་མཚོན་རེད། དཔེར་ན། ང་ཚོ་བོད་ད་ལྟ་སྐྱབས་བཅོལ་པ་ཡིན་ནའང་དར་ཆ་དེ་བསྡད་འདུག་ག རྒྱལ་ཁབ་དེའི་དར་ཆ་དེ་རྒྱལ་ཁབ་དེའི་མི་མང་གི་བླ་སྲོག་རེད། དེ་མེར་སྲེག་བཏང་ན་འགྲིག་གི་མ་རེད། མེར་སྲེག་བཏང་ན་རྒྱལ་ཁབ་དེའི་མི་མང་གི་བསམ་བློའི་ནང་མ་བདེ་བ་དང་འཁོན་འཛིན་ ཆགས་ཀྱི་རེད།
ང་ཚོའི་ཁ་ནས་ག་རེ་བཤད་ ཀྱི་ཡོད་པ་རེད་ཟེར་ན། ང་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོས་འགྲིག་གི་མི་འདུག ཆབ་སྲིད་ཀྱི་ལས་ཀ་དེ་ཏག་ཏག་བྱེད་ཀྱི་མི་འདུག བོད་ཐོག་འཛིན་པའི་སྲིད་བྱུས་འགྲིག་གི་མི་འདུག་ཟེར་གྱི་ཡོད་པ་རེད་མ་གཏོགས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་འགྲིག་གི་མི་འདུག་ཅེས་ལབ་ཡོད་པ་མ་རེད། རྒྱལ་ཁབ་དེའི་མངའ་འབངས་མི་སེར་འགྲིག་གི་མི་འདུག་ཅེས་ལབ་ཡོད་པ་མ་རེད། རྒྱལ་ཁབ་ཀྱི་མཚོན་དོན་དེ་མི་མང་མེད་ན་རྒྱལ་ཁབ་ཆགས་ཀྱི་མ་རེད། རྒྱལ་ཁབ་མེད་ན་དར་ཆ་ཆགས་ཀྱི་མ་རེད། བྱས་ཙང། རྒྱལ་ཁབ་དེའི་མཚོན་རྟགས་དར་ཆ་མེར་སྲེག་བཏང་ན་ཁྱོན་ནས་འགྲིག་གི་ཡོད་པ་མ་རེད་ ཅེས་སྔོན་མ་ནས་ངས་ལབ་ཀྱི་ཡོད།
དཔེར་ན། ང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཞིག་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་སུས་འགྲིག་གི་མི་འདུག་ ན་ཁོས་འགྲིག་གི་མི་འདུག་ཅེས་ཐེར་འདོན་བྱས། ཁོང་རྫབ་ཆེན་རེད་ཅེས་ཁོའི་པར་མེར་སྲེག་བཏང་བ་ཡིན་ན་ག་གེ་ཡོད་པ་མ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དར་ཆ་མེར་སྲེག་བཏང་བ་ཡིན་ན། དེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་མང་ཉུང་ག་ཚོད་ཡོད་ནའང། ཚོགས་མི་ཚང་མའི་སེམས་ལ་བརྡབ་གསིག་ཆེན་པོ་བཟོ་ཡི་ཡོད་པ་རེད།
ཨ་མ་རི་ཀ་དང་རྒྱ་གར་ལ་ ཆགས་བཞག་ན། ཁོང་ཚོ་འཁོན་འཛིན་ཡོད་མཁན་ཚོས་ཨ་མ་རི་ཀའི་དར་ཆ་མེར་སྲེག་བཏང་ན། རྒྱ་གར་གཞུང་གི་དར་ཆ་མེར་སྲེག་བཏང་བ་ཡིན་ན། ད་ག་འདྲ་ཆགས་ཀྱི་རེད། འཛམ་བུ་གླིང་ལ་འདི་འདྲ་དར་བ་ཡིན་ན་ག་འདྲ་ཆགས་ཀྱི་རེད། མི་ཐ་ཤལ་གྱི་སྤྱོད་པ་མ་རབས་ཀྱིས་འཐབ་རྩོད་བྱ་སྟངས་མ་རེད་དམ།
ལས་ཀ་ག་རེ་བྱས་པ་ཡིན་ ན། བྱེད་སྟངས་ཤེས་པའི་ཐོག་ནས། དང་པོ་ནས་མདུན་ལ་ལྟོས། རྒྱབ་ལའང་ལྟོས། འདི་བྱས་ན་དགེ་ག་རེ་འདུག སྐྱོན་ག་རེ་འདུག ཕྱོགས་ཚང་མར་གཟིགས་ནས་ལས་ཀ་བྱེད་དགོས་པ་རེད་མ་གཏོགས། ལམ་སེང་གཞོན་སྐྱེས་ཀྱི་ལྟ་བ་ཁྱེར་ཡིན་ཟེར་མཁན། དེང་དུས་ཀྱི་ལྟ་བ་ཁྱེར་ཡིན་ཟེར་མཁན་ཞིག་གིས། ཚ་ག་ཚུག་གེ ཟ་ང་ཟིང་ངེ་བྱས་པ་ཡིན་ན། བོད་ཀྱི་རྩ་དོན་ལ་ཕན་པ་ལས་གནོད་ཆེ་ཡི་རེད། རྒྱ་ནག་མི་མང་ལ་ཕོག་ཐུགས་བྱུང་བ་ཡིན་ན་ང་ཚོ་བོད་མི་རིགས་ཀྱི་རྩ་དོན་ལ་ནམ་ ཡང་གྲུབ་འབྲས་ཐོན་ཡ་ཡོད་པ་མ་རེད།
ང་ཚོར་རྒྱ་ནག་མི་མང་གི་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་རེད། རྒྱ་ནག་མི་མང་གི་སེམས་ལ་ཕོག་ན་ང་ཚོར་རྒྱབ་སྐྱོར་བྱེད་ཀྱི་རེད་དམ་མ་རེད། “རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་འགྲིག་གི་མི་འདུག་”ཟེར་ གྱི་ཡོད་པ་མ་གཏོགས་དོན་དངོས་ང་ཚོའི་རྒྱལ་ཁབ་དང་ཆབ་འབངས་མི་མང་ལ་ཁོན་འཛིན་ བྱེད་ཀྱི་འདུག་ཅེས་རྒྱ་ནག་གཞུང་གིས་ལབ་ན་དེའི་འགན་འཁྱོག་གི་རེད་དམ། སུ་གང་གིས་འཁྱོག་གི་མ་རེད། རྒྱལ་ཁབ་ཀྱི་རྒྱལ་དར་མེར་སྲེག་གཏོང་གི་འདུག་ལབ་ན། རྒྱལ་ཁབ་ཀྱི་རྒྱལ་དར་ཆབ་འབངས་ཀྱི་བླ་སྲོག་མ་རེད་དམ།
༢༠༡༢། ༥། ༤། ཉིན།