ཐང་ཁྲོམ་སྟོན་མཁན་ཚོ་བྲོས་ཆོག་ཆོག་བྱས་ནས་བསྡད་ཡོད།

lobsang yeshi thangtomདྷ་ས་མེག་གྷན་སྲང་ལམ་གཡས་གཡོན་དུ་བོད་མི་ཐང་ཁྲོམ་སྟོན་མཁན་ཚོར་དུས་རྒྱུན་དུ། ཁྲོམ་སའི་དཀའ་ངལ་མང་པོ་ཞིག་ཡོང་གི་ཡོད་པ་དང་། འདི་གའི་གསར་འགོད་པས་ཐང་ཁྲོམ་སྟོན་མཁན་སྐྱིད་སྡུག་ཚོགས་ཆུང་གི་ཚོགས་གཙོ་བློ་བཟང་ཡེ་ཤེས་ལགས་སུ་ཐང་ཁྲོམ་སྟོན་ཕྱོགས་དང་འབྲེལ་བའི་སྐོར་ལ་བཅར་འདྲི་བྱས་ཡོད།

དྲི་བ། ཐོག་མར་ཁྱེད་རང་ཚོར་ཐང་ཁྲོམ་སྟོན་མཁན་སྐྱིད་སྡུག་ཚོགས་ཆུང་ཞིག་ཡོད་པ་དེ་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། སྤྱིར་བཏང་སྔོན་མ་དྷ་སའི་མེག་གྷན་ཁྲོམ་ལམ་གཅིག་པུར། ང་ཚོའི་ཚོགས་ཆུང་དེའི་འོག་ཁྲོམ་ས་༤༤ ཡས་མས་ཤིག་ཡོད། དེ་རྗེས་བོད་ནས་ཡོང་མཁན་དང་གསོག་སྒར་སློབ་གྲྭ་ཐོན་མཁན་མང་པོ་ཞིག་སླེབས་ནས། གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཐང་ཁྲོམ་སྟོན་མཁན་ཚོ་དང་། སྦག་སུ་རུ་འགྲོ་སའི་ལམ་ཁར་ཐང་ཁྲོམ་སྟོན་མཁན་ཁག་ཅིག་ཡོད་པ་ང་ཚོ་ཚང་མས་རྒྱ་གར་ཀང་ར་རྫོང་ཁོངས་ཀྱི་གྲོང་སྡེ་ལས་ཁུངས་སུ་ཁྲོམ་ས་༡༢༩ ལ་ཐང་ཁྲོམ་བཤམ་ས་དགོས་པའི་སྙན་ཞུ་ཕུལ་པ་རེད། ཐང་ཁྲོམ་སྟོན་མཁན་ཚོགས་ཆུང་ནས་འོས་ཤོག་འཕངས་སྟེ། རྒྱུན་ལས་འདེམས་ཀྱི་ཡོད་པ་དང་།  ང་ཚོ་རྒྱུན་ལས་གསར་པ་རེད།

དྲི་བ། ཐང་ཁྲོམ་སྟོན་མཁན་ཚོར་ཁྲོམ་སའི་གནས་སྟངས་དང་འབྲེལ་བའི་དཀའ་ངལ་མང་པོ་ཞིག་ཡོད་པ་གོ་སོང་། ཁྱེད་རང་ཚོར་ཐང་ཁྲོམ་སྟོན་ཕྱོགས་དང་འབྲེལ་བའི་ཉིན་རེའི་འཚོ་བའི་ནང་དཀའ་ངལ་ཆེ་ཤོས་ཕྱོགས་གང་ནས་ཡོང་གི་འདུག
thangtom1ལན། ང་ཚོར་ག་དུས་ཡིན་ཡང་དཀའ་ངལ་ཡོད་པ་རེད། ལྷག་པར་དུ་ལོ་སྔོན་མར་ང་ཚོ་ལ་དཀའ་ངལ་མང་པོ་འཕྲད་ནས། བཀའ་ཤག་དང་ས་གནས་བདེ་དོན། ནང་སྲིད་ལས་ཁུངས་བཅས་ལ་ཞུས་པ་ནང་བཞིན་ཁོང་ཚོས་ཐབས་ཤེས་བྱས་ཏེ། གནས་སྐབས་རིང་སྲང་ལམ་གཡས་གཡོན་དུ་དཀའ་ངལ་མེད་པའི་ཐོག་ནས་འདུག་རྒྱུ་བྱུང་བ་རེད། སྔོན་མ་ཡིན་ན་ས་ཆའི་འབྲེལ་ཡོད་ལས་ཁུངས་ནས་རྙོག་གྲ་བཤད་པ་དང་། མཚམས་རེར་ས་གནས་ཉེན་རྟོག་པས་རྙོག་གྲ་བཤད་ཀྱི་ཡོད་སྟབས། དེ་རིང་ཅིག་ཡོང་གི་རེད་ཟེར་ན། བྲོས་ཆོག་ཆོག་བྱས་ནས་འདུག་དགོས་པ་རེད། ཁ་ཤས་ཀྱིས་ཅ་ལག་ཤོར་བ་རེད། མཚམས་རེར་དངོས་ཡོད་ཡིན་མིན་ལ་མ་ལྟོས་པར་མི་ཞིག་གིས། ས་གནས་ཉེན་རྟོག་པ་ཡོང་གི་འདུག་ཟེར་དུས། ཟ་ངེ་ཟིང་ངེ་བྱས་ནས། ཅ་ལག་མར་བསྡུ་དགོས་ཐུག་སྟེ། ཉིན་དེར་ཐང་ཁྲོམ་སྟོན་མི་ཐུབ་པའི་དཀའ་ངལ་ཡོང་གི་འདུག དེར་བརྟེན། ང་ཚོས་སྔོན་མ་ནས་གཏན་འཇགས་ཀྱི་ཁྲོམ་ས་ཞིག་རག་ཐབས་ཀྱི་ཐབས་ཤེས་བྱས་པ་ཡིན། ང་ཚོས་པདྨ་ཐང་གི་ཉེ་འཁྲིས་དེར་རེ་བ་བྱས་པ་རེད་མོད། རག་མ་སོང་། སྐབས་དེར་ང་ཚོའི་ནང་ཁུལ་ནས་ཀྱང་ཁ་འཆམ་པོ་འདྲ་བོ་བྱུང་མ་སོང་། ཁ་ཤས་ཀྱིས་ང་ཚོ་ཚང་མ་དེ་ལ་ཤོང་ས་མ་རེད་ཟེར་བ་དང་། ཡང་ཁས་ཤས་ཀྱིས་རྙིང་པ་ལ་རག་ན་ཡང་གསར་པ་ལ་རག་ས་མ་རེད་ཟེར་བ་སོགས་ཀྱི་གླེང་སློང་བྱུང་ཡོད་པ་རེད། གང་ལྟར་མཐར་ང་ཚོས་ས་ཆ་མ་རག་པ་མ་ཟད་ཡུལ་སྐོར་བའི་ས་ཆ་ཡིན་ཟེར་ནས་ཐག་བཅད་ཡོད་པ་རེད། དེ་ནས་བྱེད་ཐབས་ཟད་ནས་ད་ལྟའི་བར་སྲང་ལམ་རང་ནས་འདུག་དགོས་བྱུང་བ་རེད། ན་ནིང་དཀའ་ངལ་དེ་འཕྲད་སྐབས་ཡར་མར་ཐེངས་མང་པོར་ཞུས་རྗེས། ཁྲིམས་ཁང་ནས་ད་ཁྱེད་རང་ཚོར་ས་ཆ་གང་དགོས་ཀྱི་ཡོད་པ་གཏན་ཁེལ་གྱིས་ཞེས་བརྗོད་པ་ལྟར། ང་ཚོས་ས་ཆ་པདྨ་ཐང་དང་། གཙུག་ལག་ཁང་ལ་འགྲོ་སའི་ལམ་ཁ་དེ་ཞུས་པ་ཡིན། ཡིན་ན་ཡང་ད་ལྟའི་བར་ཐག་ཆོད་གང་ཡང་གནང་མ་སོང། སྔ་ལོའི་ཕྱི་ཟླ་༧ པའི་སྔོན་དུ་ཡང་དཀའ་ངལ་འཕྲད་ནས་ཐེངས་མང་པོར་ཞུས་ཏེ། གཞུང་གི་ངོས་ནས་འདིར་ཐེངས་གཅིག་བལྟ་སར་བཅར་བ་རེད། ཡིན་ན་ཡང་ད་དུང་ལན་སྤྲད་མ་སོང་། ཉེ་ཆར་ས་གནས་འགོ་འཛིན་གྱིས་ཁྱེད་རང་ཚོས་སྙན་ཞུ་ཞིག་ཕྲིས་དང་ཉི་མ་གཅིག་ང་ཚོ་མཉམ་དུ་ཁྲིམས་ཁང་ལ་འགྲོ་ཟེར། ང་ཚོ་མཉམ་དུ་ཁྲིམས་ཁང་ལ་བཅར་འཆར་ཡོད། སྔོན་མ་ནང་སྲིད་བཀའ་བློན་མཆོག་གིས་ང་ཚོ་ལ་ས་ཆ་འདི་དགོས་ཀྱི་ཡོད་ཟེར་ནས། གཏན་ཁེལ་བྱུང་སྟེ་ཚང་མས་མཉམ་དུ་ཞུས་པ་ཡིན་ན་ཕལ་ཆེར་ཐག་ཆོད་མ་ཐུབ་པ་ཡོང་གི་མ་རེད་ཅེས་གསུངས་འདུག དེར་བརྟེན། ང་ཚོས་དམིགས་ཡུལ་དང་པོ་དེ་གཙུག་ལག་ཁང་ལ་འགྲོ་སའི་ལམ་ཁ་དང་། གཉིས་པ་དེ་པདྨ་ཐང། གསུམ་པ་དེ་སྦག་སུ་རུ་འགྲོ་སའི་ལམ་ཁ་ཡིན། སྔོན་མ་འཐུས་མི་རྙིང་པ་ཚོས་རྒྱ་གར་གཞུང་གི་ཁྲིམས་ཁང་དང་། བོད་མིའི་ནང་སྲིད་ལས་ཁུངས་བཅས་ལ་སྙན་ཞུ་ཐེངས་མང་པོ་བརྒྱབ་འདུག ཡིན་ན་ཡང་དོན་ཐོག་ལག་ལེན་གང་ཡང་བྱུང་མི་འདུག ད་དུང་ཡང་རེ་བ་རྒྱག་གི་ཡོད།

དྲི་བ། ད་ལྟ་རྒྱ་གར་གཞུང་གིས་སྲང་ལམ་དུ་ཐང་ཁྲོམ་སྟོན་ཆོག་པའི་བཀའ་ཁྲོལ་དེ་འདྲ་ཐོབ་སོང་ངམ།
thangtom2ལན། བཀའ་ཁྲོལ་རག་ཡོད་པ་མ་རེད། ལོ་སྔོན་མར་བདེ་དོན་ལས་ཁུངས་ལ་རྒྱ་གར་གཞུང་ནས་ཐང་ཁྲོམ་སྟོན་ཆོག་གི་མ་རེད། ཐང་ཁྲོམ་བསྡུ་དགོས་པ་རེད། མ་བསྡུས་ན་ཁྱེར་འགྲོ་ཡི་ཡིན་ཞེས་བཀའ་བཏང་པ་བཞིན་ང་ཚོས་བསྡུས་པ་ཡིན། ཡིན་ན་ཡང་ཕྱིས་སུ་ང་ཚོས་བསྐྱར་དུ་གྲོས་བྱས་ནས། བདེ་དོན་དང་ནང་སྲིད་ལས་ཁུངས་བཅས་ལ་བཅར་ཏེ། ཁོང་ཚོ་ཁྲིམས་ཁང་ལ་བཅར་ནས་མཐར་གནས་སྐབས་རིང་འདུག་ཆོག་པའི་སྐད་ཆ་བྱུང་བ་རེད། སྤྱིར་བཏང་དྷ་རམ་ས་ལ་དེ་བཙན་བྱོལ་གཞུང་གི་ས་གནས་ཚང་མའི་ནང་ནས་སྐྱོ་ཤོས་རེད་འདུག་མ་གཏོགས། གཞན་ང་ཚོའི་བོད་མིའི་ཁྲོམ་ས་ཚང་མར་གཞུང་གིས་ས་ཆ་དམིགས་འཛུགས་ཀྱིས་ཁྲོམ་ས་རྫིག་པོ་དེ་འདྲ་ཡོད་པ་རེད། ཡིན་ན་ཡང་དྷ་རམ་ས་ལར་ཡོང་མཁན་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོས། ང་ཚོའི་སར་ཡོང་ནས་བོད་ཀྱི་ཁྲོམ་ར་གང་དུ་ཡོད་པ་རེད་ཅེས་སྐད་ཆ་འདྲི་ཡི་འདུག དེར་བརྟེན། ང་ཚོ་ལ་དམིགས་བསལ་གྱིས་ བོད་ཀྱི་ཁྲོམ་ར་ཞེས་པའི་ཁྲོམ་ས་ཞིག་ཡོད་ན་ཚོང་འབྲེལ་མང་ས་རེད་བསམ་ནས་ཚོར་བ་ཆེན་པོ་ཡོང་གི་འདུག ཡང་ས་ཆ་ལུང་ཁུག་དེ་འདྲ་ལ་སོང་ཟེར་ན་ཡང་ཕན་ཐོགས་ཀྱི་མ་རེད། པདྨ་ཐང་རག་ན་ང་ཚོའི་འདོད་པ་ནང་བཞིན་བྱུང་བ་རེད་མ་གཏོགས། ད་ལྟའི་ཆར་ང་ཚོ་བྱེའུ་ཚེར་མའི་སྒང་ལ་བབ་པ་དང་འདྲ་པོ་རེད། འགྲོ་ཆོག་ཆོག་བྱས་ནས་བསྡད་ཡོད། ང་འཐུས་མིར་ཁེལ་ནས་ཡུན་རིང་པོ་མ་རེད། ཡིན་ན་ཡང་ག་དུས་ཡིན་ན་ཡང་སེམས་ཁྲལ་རྐྱང་རྐྱང་རེད། ནང་ལ་བསྡད་ཡོད་སྐབས་ཁ་པར་ཞིག་སླེབས་པ་ཡིན་ན་ཡང་། ད་ཡང་རྙོག་གྲ་བཤད་མཁན་ཞིག་བྱུང་བ་ཡིན་རྒྱུ་རེད་བསམ་ཏེ་སེམས་འཚབ་ཡོང་གི་འདུག གཏན་ཁེལ་གྱི་ཁྲོམ་ར་ཞིག་རག་པ་ཡིན་ན་ཆུང་ས་ནས་བཤད་ན། ཆར་ཆུའི་དཀའ་ངལ་ཡང་སེལ་འགྲོ་ཡི་རེད། དེར་བརྟེན།  སྐབས་སྔོན་མའི་འཐུས་མི་ཚོས་ཀྱང་ཁྲོམ་སའི་ཐོག་ལས་ཀ་བྱས་པ་རེད་ལ་ང་ཚོའི་ངོས་ནས་ཀྱང་མུ་མཐུད་དུ་ཤུགས་རྒྱག་གི་ཡིན།

དྲི་བ། ཁྱེད་རང་ཚོ་ཁྲོམ་སྟོན་མཁན་ནང་ཁྲོམ་ས་སྤོ་རྒྱུར་འདོད་པ་མེད་མཁན་ཡོད་པ་རེད་ཟེར་དེ་བདེན་པ་རེད་དམ།
ལན། ང་རང་གི་བསམ་ཚུལ་ཞུས་པ་ཡིན་ན། མི་གཅིག་གཉིས་རེ་ལ་འདོད་པ་དེ་འདྲ་ཡོད་ཀྱི་རེད། གང་ཡིན་ཟེར་ན། མི་སོ་སོའི་ཕུགས་རྒྱང་རིང་ཐུང་ལ་ཐུག་གི་ཡོད་རེད། ཕུགས་བསམ་རིང་པོ་ཡོད་མཁན་དེ་ཚོས་ཁྲོམ་ས་གཏན་ཁེལ་ཞིག་བྱུང་བ་ཡིན་ན། ཡུན་གྱིས་བོད་ཀྱི་ཁྲོམ་ར་ཞེས་བཙུགས་ཏེ་བརྟན་པོ་ཡོང་རྒྱུར་བསམ་བློ་གཏོང་གི་ཡོད་རེད། ཡང་ཕུགས་ལ་བསམ་བློ་མེད་མཁན་དེ་ཚོས་ད་ལྟ་འདིར་ཚོང་ཏོག་ཙམ་ཡོང་གི་འདུག་པས། ས་ཆ་གཞན་ལ་སོང་བ་ཡིན་ན་ཡང་ཚོང་ཡོང་གི་མ་རེད་བསམ་སྲིད་ཀྱི་རེད། རྩ་བའི་ཉེ་ཆར་ང་ཚོས་ཚོགས་འདུའི་སྐབས་མི་མང་ཆེ་བར་ཁྲོམ་ས་སྤོ་རྒྱུའི་འདོད་པ་འདུག

དྲི་བ། ད་ལྟའི་ཆར་ཁྱེད་རང་ཚོོས་ཉི་མ་རེར་རྒྱ་གར་གཞུང་ལ་ཁྲོམ་སྟོན་པའི་ཆེད་དངུལ་ག་ཚོད་ཅིག་སྤྲད་དགོས་ཀྱི་ཡོད་རེད།
ལན། སྔོན་མ་ཡིན་ན་ཉི་མ་རེ་ལ་ཐང་ཁྲོམ་སྟོན་མཁན་ཚོས་ཧིན་སྒོར་༡༠ སྤྲད་དགོས་ཀྱི་ཡོད་རེད། ད་ལྟ་ཧིན་སྒོར་༢༠ རེད།

དྲི་བ། གལ་ཏེ་པདྨ་ཐང་ཁྲོམ་སར་རག་སོང་བ་ཡིན་ན་དེ་ལ་ཁྱེད་རང་ཚོས་ཁང་པ་བརྒྱབ་ནས་བོད་ཀྱི་ཁྲོམ་ར་དེ་འདྲ་བཟོ་འཆར་རེད་དམ། ཡང་ན་སོ་སོས་གུར་ཆུང་ཆུང་དེ་འདྲ་ཕུག་ནས་འདུག་འཆར་རེད།
ལན། སྦག་སུ་རུ་ང་ཚོའི་སྐྱིད་སྡུག་ནང་ལ་མེད་པའི་ཐང་ཁྲོམ་སྟོན་མཁན་ཁ་ཤས་ཤིག་ཡོད་པ་རེད། སྔོན་མ་ཡིན་ན་ཁོང་ཚོས་ཀྱང་འགྱིག་ཤོག་དེ་འདྲ་ཆུང་ཆུང་ཕུག་ནས་ཚོང་རྒྱག་གི་ཡོད་པ་རེད། ཡིན་ན་ཡང་ཁོ་རང་ཚོས་ད་ལྟའི་ཆར་ཁང་པ་ཆུང་ཆུང་དེ་འདྲ་བརྒྱབ་སྟེ། འགྲིག་ཙམ་བྱུང་ཡོད་རེད། ང་ཚོའི་ངོས་ནས་ཀྱང་གལ་ཏེ་ས་ཆ་ཞིག་རག་པ་ཡིན་ན་དེ་ཚོ་ནང་བཞིན། ཁང་པ་ཆུང་ཆུང་དེ་འདྲ་རྒྱག་རྩིས་ཡོད།

དྲི་བ། དེ་མིན་རེ་བ་ཞུ་རྒྱུ་ཡོད་དམ།
ལན། ཡང་བསྐྱར་ང་ཚོ་ལ་དཀའ་ངལ་ཞིག་བྱུང་ཚེ་ང་ཚོས་ཞུ་ས་ས་གནས་བདེ་དོན་དང་ནང་སྲིད་ལས་ཁུངས་རེད་མ་གཏོགས། ང་ཚོ་རྒྱུན་ལས་དྲུག་གི་ངོས་ནས་དཀའ་ངལ་དེ་སེལ་ཐུབ་ཀྱི་མ་རེད། “ཕྲུ་གུ་ངུ་ས་ཨ་མ་རེད་”ཅེས་པའི་དཔེ་ལྟར། ང་ཚོ་ལ་ཡང་ཞུ་ས་ས་གནས་བདེ་དོན་དང་བཙན་བྱོལ་གཞུང་གི་ནང་སྲིད་ལས་ཁུངས་མ་གཏོགས་མེད།
ཐང་ཁྲོམ་སྟོན་མཁན་གྱི་སྐྱིད་སྡུག་ཚོགས་ཆུང་དེས་ཉེ་ཆར་རང་སྒྲིག་གཞི་གསར་པ་ཞིག་བཟོས་ཏེ། རེས་གཟའ་ལྷག་པ་ནམ་ཡིན་ལ་ཐང་ཁྲོམ་སྟོན་མཁན་ཕོ་མོ་ཚང་མས་བོད་ཆས་གྱོན་ཏེ་ལྷག་དཀར་སྲུང་བརྩི་བྱེད་དགོས་པ་དང་། གལ་ཏེ་བོད་ཆས་མ་གྱོན་ཚེ་ཉེས་ཆད་དུ་ཉིན་གཅིག་གི་རིང་མེག་གྷན་སྲང་ལམ་གཡས་གཡོན་གཙང་མ་བཟོ་དགོས་ཀྱི་ཡོད་པ་དང་། གལ་ཏེ་དེ་ཡང་མ་བྱུང་ཚེ་ཉི་མ་རེ་ལ་ཧིན་སྒོར་༡༠༠ རེ་སྤྲད་དགོས་ཀྱི་ཡོད་པ་རེད།།

བོད་ཀྱི་བང་ཆེན་གསར་ཤོག་༢༠༡༢ ལོའི་ཟླ་༥ ཚེས་༢ ཀྱི་ཐོག་བཀོད་ཟིན།