གླིང་ཚ་ཇག་པའི་ལག་ཏུ་ཚུད་འདུག

གླིང་ཚ་ཇག་པའི་ལག་ཏུ་ཚུད་འདུག
གླིང་ཚ་ཚེ་བརྟན་རྡོ་རྗེས་ཐོག་མའི་གསལ་བསྒྲགས་སྤེལ་ཏེ་བོད་དོན་ཆེད་ཅི་ཞིག་གནང་འཆར་ཡོད་པ་ཐོས་དུས། ད་རེས་ཕལ་ཆེར་རང་ཉིད་བློས་བཏང་སྟེ་གནད་ལ་ཁེལ་བའི་འགུལ་སྤྱོད་གསར་པ་ཞིག་བྱེད་ཀྱི་རེད་དྲན་ནས་ཧ་ཅང་དགའ་སོང་། འོན་ཀྱང་གོམ་བགྲོད་འདི་རེད་འདུག ཡིན་ནའང་ཁོང་གི་བློས་བཏང་འདིས་ཡིད་རངས་དང་གུས་བཀུར་ཆེན་པོར་ཞུས་ཡོད་ལ། ག་ས་གང་ཐད་ནས་རོགས་རམ་ཅི་ནུས་བྱས་ཡིན། འོས་བབ་ཀྱང་ཡོད་པ་ཞིག་རེད།

ཁོང་རྡ་ས་ནས་ཐོན་དུས་བོད་ཀྱི་རྒྱལ་དར་སེང་གེ་གཉིས་སྣོལ་ལས་མེད་ལ། སེང་དར་རླུང་ཁར་བསྐྱོད་དེ་བོད་མི་ཚོའི་ཁྲོད་ནས་ཁོང་མ་བུ་གསུམ་ལམ་ལ་ཆས་དུས་མིག་ཆུས་སྐྱེལ་མའང་ཞུས། ང་ཙམ་དུ་མ་ཟད་གཞོན་ལྷན་གཙོས་པའི་ཚོགས་པ་དང་མི་སྒེར་པ་མང་པོ་ཞིག་གིས་དངོས་ཤུགས་གཉིས་ནས་རོགས་རམ་ཅི་ཐོན་བྱས་ཡོད། ཡིན་ནའང་གདོན་ཅི་ཞིག་ཞུགས་སོང་བ་ཡིན་ན། ལམ་བར་ནས་སེང་དར་གོང་ན་དམར་དར་བསྒྲེངས་སོང་། ངོ་མ་བློ་ཕམ་བྱུང་། འདི་ནི་ཁོ་རང་གི་ཁེར་ཚུགས་ཐག་གཅོད་ཅིག་དང་། ལས་འགུལ་ཞིག་མིན་པ། བརྒྱུད་བསྐུལ་ཏན་ཏན་ཞིག་གི་འོག་ན་ཡོད། གལ་སྲིད་དེ་འདྲ་མིན་ན། ཁོང་གི་ལས་སྟངས་འདི་བོད་མིར་མགོ་སྐོར་གྱི་རང་བཞིན་ལས་འདས་མེད། གང་ལྟར་དེ་གཉིས་ལས་འགྲོ་ས་གསུམ་པ་མེད་རེད། རྒྱུ་མཚན་ནི། ཚུགས་ཐུབ་ཀྱི་ལས་ཀ་ཡིན་ན། ༼༡༽༣་༡༠ ཉིན་རྡ་སའི་གཙུག་ལག་ཁང་ནས་མ་ཁྱེར་བ་ལམ་བར་ནས་ཅིའི་ཕྱིར་ཁྱེར་འགོ་ཚུགས་པ་རེད། ༼༢༽ རྒྱ་འོག་འདུག་རྒྱུའི་བརྡ་སྟོན་བྱེད་ཡིན་ན་སྔོན་མའི་ཡིག་ངག་གཉིས་ཀྱི་གསལ་བསྒྲགས་མང་པོ་དེའི་ནང་ག་རེ་བྱས་ནས་མ་བཤད་པ་རེད།

གནས་སྟངས་འདིའི་རྐྱེན་པས་གཞོན་ཚོགས་ཀྱིས་རྒྱ་དར་མ་ཁྱེར་རོགས་ལབ་ནས་འབོད་བསྐུལ་བྱས་ཡོད་ལ། དེ་མ་ཉན་རྗེས་དེར་ངོ་རྒོལ་བསྒྲགས་གཏམ་སྤེལ་ཡོད། གཞོན་ལྷན་ལ་མཚོན་ན་ད་ལྟའི་བསྒྲགས་གཏམ་སྤེལ་དགོས་བྱུང་བ་འདི་སེམས་པ་སྤྲོ་བོའི་ངང་སྤེལ་གྱིན་མེད་ཚོད་རེད། ང་ལའང་འདི་ལྟར་ཁོང་ལ་གཅིག་ཤོད་འདུག་པ་འདི་སྐྱིད་པོ་མི་འདུག གང་ཡིན་ཟེར་ན་ཁོང་གིས་མ་དང་སྲིང་མོ་ཁྲིད་ནས་འདི་ལྟར་དཀའ་ལས་ཤིག་རྒྱག་གིིན་ཡོད་རེད། འོན་ཀྱང་དར་དམར་དང་དེ་ཁྱེར་སྟངས་འདིས་ངོ་རྒོལ་མི་བྱེད་རང་བྱེད་རེད། རྒྱུ་མཚན་ནི། བོད་མི་འབུམ་གཅིག་ལྷག་གི་ཚེ་སྲོག་དར་ཆའི་འོག་ནས་གྲོངས་ཡོད་ལ། ད་ལྟའི་བོད་ནང་གི་རང་དབང་མེད་མཁན་ཚོས། དར་ཆ་འདི་མར་ཕབ་ནས་སེང་དར་ཡར་སྒྲེང་གིན་ཡོད་རེད། འདི་ནི་ལས་རྒྱུ་འབྲས་ཀྱིས་ཀྱང་རུང་ཚོད་མིན།

དབུ་མའི་ལམ་ལ་ངས་དགག་པ་རྒྱག་པའི་སྐད་ཆ་མིན། འོན་ཀྱང་ལམ་དེར་ཞུགས་ན་དམར་དར་ཁྱེར་དགོས་པ་དེ། ཁོ་བློ་རིག་རྒོད་ནས་ཐབས་ལམ་གསར་པ་ཞིག་རྙེད་སོང་བ་མིན་པ། མགོ་སྐོར་འོག་ཚུད་པའམ། གོམ་བགྲོད་ཀྱི་རྐང་སྣེ་གང་ཞིག་ལ་ཐོགས་སོང་པའི་རྒྱུ་མཚན་ཡིན། ཅི་སྟེ། ལམ་དབུ་མར་མོས་མཁན་ཚོས་དར་དམར་ཁྱེར་དགོས་ན། ཐོག་མ་༸གོང་ས་མཆོག་གིས་ཁྱེར་དགོས་ཚོད་རེད་ལ། ཟམ་གདོང་བླ་མས་ཀྱང་ལུས་དང་འབྲལ་མེད་ཁྱེར་དགོས་ཚོད་ཡིན། དེས་ག་རེ་སྟོན་གྱིན་འདུག་པས། འདིའི་ཕག་ཏུ་གནད་དོན་ཅི་ཞིག་ལྷག་སོང་། མི་མང་པོ་ཞིག་གིས་བཤད་ན་དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་དེས་བོད་སྐྱོད་གོམ་བགྲོད་ཉོས་སོང་ཟེར་གྱི་འདུག ངས་དེ་མ་རེད་ཀྱང་ལབ་མི་ཤེས། ཡིན་ནའང་དབུ་མའི་ལམ་ལས་འགུལ་ཁང་ལ་སུས་བཀོད་བྱུས་དེ་གཏོང་པ་རེད་དམ།