ལྐོག་ཟ་ལས་ར་བཟི་ནག་ཉེས་ཆེ་གི་རེད་ཟེར།

 

སྤྱི་འཐུས་ཀརྨ་ཆོས་འཕེལ་ལྷོ་ཕྱོགས་གཞུང་འབྲེལ་གྱི་ལས་ཀ་སོང་བའི་སྐབས་ཤིག་ལ། ར་བཟི་ནས་གསུང་བཤད་སོགས་ཚུལ་མཐུན་ཞིག་གནང་ཐུབ་མེད་པའི་སྐོར། ལྷོ་ཕྱོགས་ཡོད་པའི་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་འཐུས་མི་གངས་རི་ཟེར་བ་སོགས་ཀྱིས་རྒྱ་གྲགས་བོད་གྲགས་བྱས་པ་དང་། དེ་དང་འབྲེལ་ནས་ཚོགས་པ་ལྔ་དང་བཞི་ཟེར་བ་སོགས་ཀྱི་མིང་ཐོག་ནས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡིག་ཚང་ནང་ཀརྨ་ཆོས་འཕེལ་ནག་ཉེས་ཆེ་རབས་ཀྱི་ཞུ་སྙན་བཏང་སྟེ། ཡིག་ཆ་ཆར་པ་འབབ་འབབ་རེད་ཅེས་དྷ་སའི་སྲང་ལམ་དང་ཇ་ཁང་ནང་གླིང་སྒྲུང་ལྟར་ཤོད་འགོ་བཙུགས་སོང་།

ཉེན་དུས་སྤྱི་འཐུས་སྒྲོལ་དཀར་ལྷ་མོས་དངུལ་ལྐོག་ཟ་བྱས་པར་བུད་མེད་ཚོགས་པས་ཁྱབ་བསྒྲགས་བྱས་ཡོད་རུང་། སྤྱི་འཐུས་ལྷན་ཚོགས་སུ་ཚོགས་པ་ལྔ་དང་བཞི་ཟེར་བ་སོགས་ཀྱིས་སྒྲོལ་དཀར་ལྷ་མོ་ནག་ཉེས་ཆེ་རབས་ཀྱི་ཡི་གེ་གཅིག་ཀྱང་གཏོང་མེད་ཚོད་འདུག་སྟེ། དེང་སྐབས་སྤྱི་འཐུས་ཚོས་ལྐོག་ཟ་ལས་ར་བཟི་ནག་ཉེས་ཆེ་བ་འདྲ་ཞེས་དགོད་བྲོའི་གཏམ་གྱི་ཚུལ་དུ་གསུངས་པ་ཐོས།

སིམ་ལ་ས་གནས་སུ་འགྲོ་བ་མིའི་ཐོབ་ཐང་གི་གོ་སྒྲིག་འོག་ནས་གཟབ་སྦྱོང་ཞིག་སྤྲོད་བཞིན་ཡོད་པ་དང་། སྐབས་དེར་བོད་མི་འགས་སྒྲོལ་དཀར་ལྷ་མོ་སྤྱི་འཐུས་ནས་རང་འཇགས་སྡོད་ཀྱི་རེད་དམ། སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་གང་ཡོད་དམ་ཞེས་དྲིས་པས། འབྲེལ་ཡོད་སྤྱི་འཐུས་ལས་ཐོག་པ་ཞིག་གིས་རབ་བྱུང་ན་རང་འགུལ་གྱིས་དགོངས་པ་ཞུ་དགོས་པ་དང་། དེ་མིན་བཅའ་ཁྲིམས་སུ་སྤྱི་འཐུས་ཀྱི་འོས་ཆོས་ཚང་དགོས་པའི་ནང་བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མིན་པ་ཞེས་འཁོད་ཡོད་པ། མོ་བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་རེད། བུད་མེད་ལྷན་ཚོགས་ལ་དངུལ་ཕྱིར་སློག་པ་རེད་ཅེས་གསུངས་ཡོད་པ་རེད། སྐད་ཆ་དེ་སྤྱི་འཐུས་ཤིག་གིས་གསུངས་པར་བརྟེན་ང་ལ་དོགས་པ་ཞིག་འདུག སྒྲོལ་དཀར་ལྷ་མོས་དངུལ་དེ་བུད་མེད་ལྷན་ཚོགས་ནས་བུ་ལོན་ལེན་པ་ཞིག་རེད་དམ། དེ་ཡིན་ན་དངུལ་དེ་ཕྱིར་སློགས་པ་དང་བུ་ལོན་སྒྲུབ་འཇལ་བྱས་པ་ཞིག་རེད། དེ་མིན་ལྐོག་ཟ་བྱས་ནས་ཕྱིར་སློག་དགོས་བྱུང་བ་དེ་བུ་ལོན་སྒྲུབ་འཇལ་བྱས་པ་ཇི་ལྟར་ཆགས་པ་རེད་དམ། འདིའི་ཐད་ལ་སྤྱི་འཐུས་ཚོས་ཐུགས་སྣང་གནང་དགོས། སྒྲོལ་དཀར་ལྷ་མོས་དངུལ་དེ་ཕྱིར་སློག་ཡོད་པའི་སྐོར། གསུངས་བཤད་གནང་མཁན་གྱི་སྤྱི་འཐུས་དེས་ག་འདྲ་བྱས་ནས་ཤེས་ཡོད་དམ།

ད་ལྟའི་སྐབས་མི་མང་པོས་སྒྲོལ་དཀར་ལྷ་མོ་སྤྱི་འཐུས་རང་འཇགས་སྡོད་ཀྱི་རེད་དམ་ཞེས་པའི་དྲི་བ་མང་པོ་ཞིག་འགྲོ་གི་ཡོད་པ་དང་། མི་ཚང་མས་རང་རང་གི་བསམ་ཚུལ་སྣ་ཚོགས་ཤོད་བཞིན་པའི་ཁྲོད་ནས། ཆབ་སྲིད་ཀྱི་སྐད་ཆ་ཡིན་མདོག་ཁག་པོ་ཞིག་འཐོན་ཡོད་པ་སྟེ། སྒྲོལ་དཀར་ལྷ་མོ་མདོ་སྨད་སྤྱི་འཐུས་ནས་དགོངས་པ་ཞུ་གི་མ་རེད། གང་ཡིན་ཟེར་ན། ཁོང་དགོངས་པ་ཞུས་ན་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གནས་དབྱུངས་བཏང་པའི་ཀླུ་མཁར་བྱམས་སྤྱི་འཐུས་ཆགས་ཀྱི་རེད་ཅེས་ཤོད་བཞིན་འདུག  སྐད་ཆ་དེས་སྒྲོལ་དཀར་ལྷ་མོ་སྤྱི་འཐུས་སུ་རང་འཇགས་བསྡད་དགོས་པ་དེ་རྩ་དོན་ཡིན་ཚུལ་དང་།  ཀླུ་མཁར་བྱམས་ལ་བསྐྱར་དུ་ངན་ཁག་ཅིག་གཡོགས་པ་རེད། དོན་དུ་ཀླུ་མཁར་བྱམས་སྤྱི་འཐུས་ཀྱི་འོས་གཞིའི་གྲངས་ཚད་ཀྱི་བརྒྱ་ཆ་ལོངས་མེད་ཚོད་འདུག་རུང་། སྒྲོལ་དཀར་ལྷ་མོ་དང་མི་སྐོར་ཞིག་ལ་ཀླུ་མཁར་བྱམས་དེ་དགོས་མཁོ་ཆེ་བའི་ནོར་བུ་ཞིག་ཆགས་བཞིན་ཡོད་འདུག་ཧཧཧཧཧཧཧཧ