ཚིག་བསྡུས་༼བསྡུས་ཚིག༽སྐོར་ལ་བསམ་འཆར།

    དེང་དུས་ཚགས་ཤོག་དང་དྲ་རྒྱ་ངོས་སུ་སྤྱོད་བཞིན་པའི་ཚིག་བསྡུས་ ༼བསྡུས་ཚིག༽ནི་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱི་སྲོལ་བཟང་འཇོག་པའི་ཚིག་བསྡུས་དང་གཏན་ནམ་མི་འདྲ་བ་དེང་གི་ཚིག་བསྡུས་ག་འདྲ་ཞིག་ཡིན་ཀྱང་གོ་བ་ལེན་རྒྱུ་ཤིན་ཏུ་དཀའ་བ་དང་ཡང་ན་གོ་བ་གཞན་དུ་འགྱུར་འགྲོ་བ་དོན་དངོས་གང་ཞིག་ཏུ་ལབ་ཀྱི་ཡོད་མེད་མི་ཤེས་པ་རང་འདོད་བཞིན་ཚིག་བསྡུས་སྤྱོད་ཐལ་ཆེ་བ་སོགས་ཀྱི་དེའི་སྐོར་ལ་བསམ་ཚུལ་ཐུང་ངུ་ཞུས་འདོད་བྱུང་།     

          དེ་ཡང་བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༣༧༦་པའི་གསར་ཤོག་ཏུ་༼སུམ་ཅུ་དུས་དྲན༽ལ་སུམ་དྲན་དང་ཨ་རིའི་རླུང་འཕྲིན་ཁང་གི་༼རང་ལུས་མེར་བསྲེགས་༽ལ་རང་བསྲེག་ཟེར་བ་དང་བོད་མི་གསུམ་རང་ལུས་མེར་བསྲེག་ལ་༼བོད་མི་གསུམ་རང་བསྲེག་༽ཟེར་བ་སོགས་ནི་ཚིག་དོན་ལ་མི་འབྱོར་བས་དེ་ནི་རང་གི་ཕ་སྐད་ཉམས་དམན་དུ་འགྲོ་བ་དང་གཏོར་བཤིག་ཅིག་ཏུ་འཁུམས།        དེ་ཡང་སྟོན་པས་ངའི་བསྟན་པ་ཕྱི་ཡི་མི་འཇིག་ནང་གིས་འཇིག་གསུངས་བ་བཞིན་ཐུན་བྷོད་ཚང་གི་ཕ་སྐད་འཇིག་ལ་ཉེ་བའི་སྐབས་འདི་རང་ཉིད་རང་གི་གཏོར་བཤིག་ཏུ་གཏོང་ན་ཅི་འདྲའི་ཡ་ང་བ་ཞིག་མ་རེད་དམ།     སྔོན་གྱི་ལོ་ཙཱ་བ་ཚོས་ཅི་འདྲ་ཞིག་ཚིག་བསྡུས་བྱས་ན་ཚིག་བསྡུས་གནང་སའི་ཚིག་དེ་དང་དེའི་གོ་དོན་དང་མཐུན་པ་གོ་བ་ཇི་བཞིན་ལེན་ཐུབ་པ་ཞིག་ཚིག་བསྡུས་གནང་ཡོད་པས་ཀློག་པ་པོ་དང་ཉམས་སུ་ལེན་པ་པོ་ཚོ་ལ་དཀའ་ངལ་གང་ཡང་སྤྲོད་མེད།          འོན་ཀྱང་དེང་གི་ཚིག་བསྡུས་ནི་ཚིག་བསྡུས་གནང་ཡ་དང་ཚིག་བསྡུས་གཉིས་གོ་བ་གཅིག་ཏུ་ལེན་མི་ཐུབ་པ་སོགས་ཀྱི་ཀློག་པ་པོ་རྣམས་ལ་དོན་མེད་ཀྱི་དཀའ་ངལ་བཟོས་བ་སོགས་ནི་དགོས་མེད་ཀྱི་ཚིག་བསྡུས་ཅིག་ཏུ་སྣང་།            ངས་ཚིག་བསྡུས་གཏན་ནས་མི་དགོས་ཟེར་ཞུ་ཡི་མེད།   གལ་སྲིད་ཚིག་བསྡུས་མ་གནང་ཀ་མེད་ཡིན་ན་སྐབས་དེ་ངེས་པར་དུ་ཚིག་བསྡུས་གནང་ཡ་གང་ཡིན་དེའི་དོན་ཇི་བཞིན་ལེན་ཐུབ་པ་ཞིག་ཚིག་བསྡུས་གནང་རོགས།   དཔེར་ན་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་༼ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་༽ལ་ཤེས་ཕྱིན་དང་༼ཕ་རོལ་ཏུ་ཕྱིན་པ་དྲུག༽ལ་ཕྱིན་དྲུག་ཟེར་བ་དང་སོགས་ཀྱི་མཚོན་གཞུང་ཆེན་པོ་ནང་དུ་ཚིག་བསྡུས་མང་པོ་ཡོད་ཀྱང་དེ་ནི་དེང་སང་ཚིག་བསྡུས་དང་མི་འདྲ་བ་གང་ཚིག་བསྡུས་གནང་བ་དེ་དང་མི་འཁྲུལ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།      དེ་ཡང་ཡིན་ཏེ་ལྡི་ལི་བོད་ཀྱི་ཁང་པའི་དབུ་འཛིན་ཟུར་པ་སྐུ་ཞབས་རྡོ་བུམ་མཆོག་སྤྲུལ་རིན་པོ་ཆེའི་གསུང་། བོད་ཀྱི་སྐད་ལས།              བཀའ་བསྟན་ནང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ།          འཕགས་པའི་ལམ་ཡན་ལག་བརྒྱད།མཐར་གྱིས་གནས་པའི་སྙོམས་པ་འཇུག་པ་དགུ་སོགས་ཚིག་ཆ་ཚང་བེད་སྤྱོད་གནང་བ་སོགས་གོང་ཞུས་ཚིག་དེ་དག་གང་བརྗོད་དོན་གཞན་དང་འཛོལ་ཉེན་གཏན་ནས་མེད་ཅེས་དང་། ཡང་བོད་ཀྱི་མཁས་པའི་གསུང་རྩོམ་ནང་།        ཤེས་ཕྱིན།      དྲན་པ་ཉེར་བཞག་བཞི།       དེ་ནས་སྒྲིབ་སེལ་ཞེས་པ་ལྟ་བུས་མཚོན་ཚིག་སྣ་བསྡུས་སུ་བཏང་ཡོད་ཅིང་།     འདི་དག་ལའང་གཞན་དང་ནོར་འཛོལ་གྱི་ཉེན་ཁ་ཧ་ལམ་མེད་པ་ཡིན།     ཞེས་གསུངས་བ་བཞིན་ཡི་གེ་འབྲི་པ་པོ་རང་ཉིད་ཀྱི་གང་ཚིག་བསྡུས་གནང་བ་དེ་གཞན་དང་འཛོལ་ཉེན་མེད་པ་ཞིག་དགོས། དེང་སང་གློག་རྡུལ་དུས་རབས་འདི་ཚིག་བསྡུས་དགའ་དྲགས་པས་མི་རིགས་རང་གི་ཕ་སྐད་ཉམས་ཆགས་འགྲོ་ཡ་ཡི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་སྣང་།    འདིར་སླར་ཡང་དཔེ་མཚན་ཙམ་ཞིག་འགོད་ན་༼དཔལ་ལྡན་བཀའ་ཤག་དང་སྤྱི་འཐུས་ལྷན་ཁང་༽གཉིས་ལ་བཀའ་སྤྱི་དང་༼བོད་ཀྱི་གཞོན་ནུའི་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས་༽གཉིས་ལ་གཞོན་ལྷན་དང་བུད་ལྷན་ཡང་༼ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོ་༽ལ་ས་གཞོན་ཚོགས་གཙོ་ཟེར་བ་དང་༼འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་༽ལ་རྒྱལ་ཚོགས་ཅེས་ཚིག་བསྡུས་བྱས་ན་གོ་བ་གཞན་དང་གཞན་དུ་འགྲོ་ཉེ་ཆེ་བས་གཞན་གྱི་དབང་ཤུགས་དང་བཙན་བཀའ་མ་ཡིན་ན་ཚིག་བསྡུས་འདི་རིགས་མ་སྤྱོད་མ་བཟང་གི         རྒྱུ་མཚན་ནི་ཚིག་བསྡུས་མང་དྲགས་པ་ཚིག་དོན་གོ་བ་རབ་རིབ་ཏུ་འགྱུར་འགྲོ་བ་དང་བརྡ་སྤྲོད་ཀྱི་གཞུང་དང་མི་མཐུན་པ་མ་ཟད་མི་རིགས་རང་གི་ཕ་སྐད་དང་རྒྱང་ཐག་རིང་དུ་འགྲོ་ཉེ་ཆེ་བ་སོགས་སྐྱོན་ཆ་མང་བས་ཕ་སྐད་གཏོང་བཤིག་ལས་དོན་ལ་འཇུག་པའི་ལྐོག་འཇབ་དམག་ཅིག་ཏུ་འཁུམས།   དངོས་གནས་ང་ཚོའི་མི་རིགས་འདི་ཁྱད་མཚར་ཞིག་རེད། རང་གི་ཕ་སྐད་མཐུས་ཚང་བ་དེ་ཕར་བཞན་ནས་གཞན་གྱི་སྐད་ཡིག་ནས་གད་སྙིགས་ཚུར་བསྒྲུབ་ཨེ་ཐུབ་ལྟ་བ་སོགས་ཀྱི་ཡི་གེ་འབྲི་བ་པོ་ཞིག་དང་གསར་ཤོག་འདོན་པ་པོ་ཞིག་ནོར་འཁྲུལ་ཞིག་ཏུ་འཁུམས།    གལ་ཏེ་ཁྱེད་ལ་ཚིག་བསྡུས་གནང་གལ་མ་བྱུང་ཚེ་རང་ཚིག་གང་ཡོད་བེད་སྤྱོད་གནང་ཐུབ་ན་ལེགས། ངས་སྐྱོན་བརྗོད་ཞུ་གི་མེད།       ཁྱེད་ཚོའི་ཚིག་བསྡུས་དེ་དང་ཚིག་བསྡུས་གནང་སའི་གོ་དོན་ཐོག་བབས་ཐུབ་མི་འདུག་ལ་གཞན་དང་འཛོལ་ཉེན་ཆེ་པས་བསམ་ཚུལ་ཐུང་ངུ་ཞུས་བ་ཙམ་ཡིན།      ཚིག་བསྡུས་རིགས་ལ་དོ་སྣང་གནང་རྒྱུ་མ་འཆུག་རོགས་ཞུ། འབྲས་ཏྲེ་དར་དགོན་བྱམས་པ་དབང་ལྡན་གྱིས་གདན་ས་ཆེན་མོ་འབྲས་སྤུངས་ཆོས་སྒར་ནས་༢༠༡༢ཟླ་༠༤ཚེས༠༥་ལ་བྲིས།