བཙན་བྱོལ་དུ་གཞོན་ནུའི་ལས་འགུལ་འཚེ་བ་རེད་ཟེར་མཁན་དབུ་ལམ་ལས་འགུལ་ཁང་དང་པོ་རེད།
བོད་གཞུང་ཁྲིམས་ལ་སྦྱར་མཁན་སྤྱི་འཐུས་ཟླ་བ་ཚེ་རིང་དབུ་ལམ་ལས་འགུལ་ཁང་གི་ཚོགས་གཙོ་དང་། སྒོ་མང་གྲྭ་ཚང་གིས་གནས་དབྱུངས་གནང་བའི་སྤྱི་འཐུས་རྨོག་རུ་བསྟན་པ་ཚོགས་གཞོན། བཀའ་སྤྱི་གཉིས་ལ་གཞི་མེད་ཀྱི་སྐྱོན་བརྗོད་བྱས་ཏེ། བོད་གཞུང་ལས་བྱེད་བླང་དོར་སྒྲིག་གཞི་ལ་འགལ་བ་མ་ཤེས་ནས། ཕྱིར་བུད་སོང་བའི་དབུ་ལམ་ལས་འགུལ་ཁང་གི་རིག་གཞུང་འགན་འཛིན་ཤར་ཕྱོགས་ཁུག་རྟ་བཅས་ལས་གྲུབ་པའི་ཚོགས་པ་དེས། རྒྱ་མིའི་སྐར་ལྔའི་རྒྱལ་དར་འཁྱེར་མཁན་ལ་རྒྱབ་སྐྱོར་དང་། རྒྱལ་དར་མེར་སྲེག་གཞོན་ནུའི་ལས་འགུལ་འཚེ་བ་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་བ་དེ་ནི། བཙན་བྱོལ་དུ་གཞོན་ནུའི་ལས་འགུལ་འཚེ་བ་རེད་ཟེར་མཁན་དང་པོ་དེ་ཆགས་ཡོད་་་་་་་་་་།
དེ་རིང་ཚེས་ ༨ ཉིན་དབུ་མའི་ལམ་ལས་འགུལ་ཁང་གིས། ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་སྐར་ལྔའི་དར་དམར་འཁྱེར་བ་རྒྱབ་སྐྱོར་གཙང་མ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་སྐབས། ཁུག་རྟ་ཟེར་བས་བརྗོད་དོན། རྒྱ་ནག་གི་རྒྱལ་དར་མེར་བསྲེགས་བཏང་སྟེ། རྒྱ་ནག་མི་དམངས་ལ་ཞེ་འཁོན་འགྲོ་རྒྱུའི་འཚེ་བའི་ལས། དབུ་ལམ་ལས་འགུལ་ཁང་གིས་རྩ་བ་ནས་སྤེལ་གྱི་མེད་ཅེས་བརྗོད་པ་དང་། ཡང་བསྒྲགས་གཏམ་ནང་། གླིང་ཚངཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་འཐབ་རྩོད་ནི་དུས་ཐུང་ངང་མཇུག་སྒྲིལ་འགྲོ་བ་ཞིག་མིན་ལ། བསམ་སྤྱོད་འཚེ་བ་ཅན་དང་། གློ་བུར་གྱི་ཚོར་བ་དང་མ་འབྲེལ་བས་རྒྱ་གཞུང་ནས་ཀྱང་འགྲེལ་བརྗོད་ལོག་པ་སྤེལ་མེད་ཅེས་བཀོད་འདུག
གླིང་ཚང་མ་བུ་གསུམ་འདིའི་སྐབས་བརྗོད་དོན་གཙོ་བོ་མིན། ངས་བརྗོད་འདོད་པ་ནི། གོང་དུ་རྒྱལ་དར་མེར་སྲེག་འཚེ་བའི་ལས་རེད་ཟེར་བ་དེ་གཞོན་ནུ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། དེ་ནི་རྒྱ་གཞུང་གིས་གཞོན་ནུ་ཚོགས་པ་འཇིགས་སྐུུལ་རིང་ལུགས་ཚོགས་པ་དང་། འཚེ་བའི་ལས་འགུལ་སྤེལ་མཁན་རེད་ཅེས། འཛམ་གླིང་ལ་སྒྲོག་བཞིན་པ་དེར་བདེན་པའི་རྒྱབ་ལངས་བྱས་པ་ཞིག་དང་། བཙན་བྱོལ་ནང་གཞོན་ནུའི་ལས་འགུལ་འཚེ་བ་རེད་ཅེས་ཟེར་མཁན་དབུ་ལམ་ཚོགས་པ་དང་པོ་རེད། ཡང་དབུ་ལམ་གྱི་བསྒྲགས་གཏམ་ནང་། བསམ་སྤྱོད་འཚེ་བ་ཅན་དང་། གློ་བུར་གྱི་ཚོར་བ་དང་མ་འབྲེལ་བས་རྒྱ་གཞུང་ནས་ཀྱང་འགྲེལ་བརྗོད་ལོག་པ་སྤེལ་མེད་ཅེས་བཀོད་འདུག་པ་དེ། གཞོན་ནུའི་ལས་འགུལ་གང་སྤེལ་རུང་བསམ་སྤྱོད་འཚེ་བ་ཅན་དང་གློ་བུར་གྱི་ཚོར་བ་ཡིན་པས། རྒྱ་གཞུང་གིས་འགྲེལ་བརྗོད་ལོག་པ་སྤེལ་གྱི་ཡོད་པ་དང་། ད་ཐེངས་མ་བུ་གསུམ་གྱི་ལས་འགུལ་དེ་འཚེ་མེད་དང་གློ་བུར་གྱི་ཚོར་བ་མིན་པས། རྒྱ་ནག་གཞུང་གིས་འགྲེལ་བརྗོད་ལོག་པ་སྤེལ་མེད་ཟེར།
དེ་ལྟར་ཡིན་ན་རྒྱ་ནག་གཞུང་དེ་འཚེ་མེད་ཞི་བའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་དང་། རྒྱ་གཞུང་གིས་འགྲེལ་བརྗོད་ལོག་པ་སྤེལ་ས་རྣམས་འཚེ་བའི་ལས་འགུལ་ལ་ངོས་འཛིན་འདུག་པས། བོད་གཞུང་དང་༧གོང་ས་མཆོག་ལ་རྒྱ་གཞུང་གིས་མཚན་སྨད་དང་། འགྲེལ་བརྗོད་ལོག་པ་སྤེལ་བཞིནཔ་དེ་འཚེ་བའི་ལས་འགུལ་ཡིན་པའི་རྒྱུ་མཚན་གྱི་རེད་དམ??????? གླིང་ཚང་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ལ་རྒྱ་གཞུང་གིས་འགྲེལ་བརྗོད་ལོག་པ་མ་སྤེལ་བ་དེ་ལུགས་མཐུན་གྱི་ལས་འགུལ་ཡིན་པ་དང་། རྒྱ་གཞུང་གིས་འགྲེལ་བརྗོད་ལོག་པ་སྤེལ་བ་རྣམས་ལུགས་མཐུན་མ་ཡིན་པ་ཞིག་ལ་ངོས་འཛིན་ན། བོད་ནང་གི་རང་ལུས་མེར་སྲེག་གི་ལས་འགུལ་དེར་རྒྱ་གཞུང་གིས་ཚད་ལས་བརྒལ་བའི་འགྲེལ་བརྗོད་ལོག་པ་སྤེལ་བཞིན་པ་དེ་གང་རེད་དམ?????? ལས་འགུལ་འཚེ་བ་ཡིན་མིན་རྒྱ་གཞུང་གི་འགྲེལ་བརྗོད་ལ་གཞི་འཛིན་མཁན་དབུ་མའི་ལམ་ལས་འགུལ་ཁང་དང་པོ་ཆགས་ཡོད།
ཡང་བསྒྲགས་གཏམ་ནང་། གསུམ་བཅུའི་དུས་དྲན་ཉིན་ཁོང་མ་བུ་གསུམ་གྱི་གཡས་གཡོན་དུ་འཚང་ཁ་བརྒྱབ་སྟེ། གསར་འགྱུར་བརྒྱུད་ལམ་སོགས་སུ་མིང་ཙམ་ཐོན་ཐབས་ལ་རྩི་ཤིང་རླུང་ཁྱེར་གྱི་ཟློས་གར་འཁྲབ་རྒྱུ་མ་བྱུང་ཟེར་བ་དེ། གཞོན་ནུ་ལྷན་ཚོགས་ཀྱིས་དེ་ལྟར་བྱས་པ་རེད་དབུ་ལམ་གྱིས་བྱས་མེད་པའི་དོན་རེད། འདི་ནི་ཁུག་རྟ་ཟེར་བའི་རིགས་ཀྱིས་རྒྱུན་ལྡན་གྱི་རྩོམ་ཡིན་འབྲི་སྟངས་ཤིག་ཡིན་པས་གླེང་རིན་ཆོག་པ་ཞིག་མི་འདུག ཉེ་སྔོན་ངའི་ཟིན་བྲིས་ཤིག་གི་ནང་། གླིང་ཚང་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་སྐར་ལྔའི་དར་དམར་འཁྱེར་བ་དེ། དྷ་སའི་ཆབ་སྲིད་མི་སྣ་དང་དབུ་ལམ་ལས་འགུལ་ཁང་གི་གཡོ་བྱུས་འོག་ཚུད་པའི་དོགས་པ་ཡོད་ཅེས་བྲིས་ཡོད་པ་ལྟར་དེ་རིང་གདོང་རིས་ངོ་མ་མཐོང་སོང་། ཤར་ཕྱོགས་ཁུག་རྟ་དང་དབུ་ལམ་ལས་འགུལ་ཁང་གིས་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་ལས་འགུལ་རྩ་གཏོར་བཏང་སོང་།
དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གསར་འགོད་བསྒྲགས་གཏམ་དེ་ཀློག་དང་། ཤར་ཕྱོགས་ཁུག་རྟ་ལ་ཆབ་སྲིད་ཀྱི་གོ་རྟོགས་ག་ཚོད་ཡོད་མེད་ཤེས་ཐུབ། ཉེ་དུས་བཀའ་ཤག་གིས་སྐྱོན་དང་བསྟོད་སྔགས་བྱེད་སའི་ལས་གཞི་གང་ཡང་འགོ་འཛུགས་ཀྱི་དུས་ཚོད་མ་རག་པའི་སྔོན་དུ། ཁུག་རྟས་བཀའ་ཤག་གིས་ལས་གཞི་བརྩམས་ནས་ལོ་གསུམ་བཞི་སོང་བ་ལྟ་བུས། དཔྱད་གཞི་འབེལ་མདོག་གིས་གཞི་མེད་ཀྱི་སྨྱོ་ལབ་མང་པོ་ཞིག་བརྒྱབ་པ་ལ་རིན་ཐང་ཇི་ཙམ་ཡོད་མེད། དེ་རིང་གི་བསྒྲགས་གཏམ་དེ་ཐེངས་གཅིག་ཀློག་དང་ཤེས་ཐུབ། མདོར་བསྡུས་ན། ལས་འགུལ་གང་ཞིག་གིས་རྒྱ་ནག་གཞུང་གི་སྐྱོན་ལ་གནད་དུ་འཁེལ་ན། ཁོ་ཚོས་འཁྱོག་བཤད་དང་འགྲེལ་བརྗོད་སྣ་ཚོགས་བྱེད་ཀྱི་ཡོད་པ་དང་། དེ་ལྟར་མིན་པ་བཙན་བྱོལ་བོད་མིའི་རྩོད་གཞི་ཅན་ལ་འགྱུར་བཞིན་ཡོད་ན། ཁོ་ཚོས་ལག་པ་འཆང་ཐབས་བྱེད་ཀྱི་ཡོད་པ་དེ་ཁུག་རྟས་ཤེས་པ་བྱེད་དགོས།ཁུག་རྟ་བོད་མིའི་སྒྲིག་འཛུགས་འོག་ཏུ་ལས་ཀ་བྱེད་དུས། བཀའ་སྤྱི་གཉིས་དང་དྲུང་ཆེ་ཆུང་ལ་སྐྱོན་བརྗོད་བྱས། གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ནང་ལས་ཀ་བྱེད་དུས། གཞོན་ནུ་དང་དེའི་ལས་བྱེད་སོགས་ལ་སྐྱོན་བརྗོད་བྱེད་ཀྱི་འདུག་པས། དོན་དུ་ཁོ་ཡི་ལས་དོན་གཙོ་བོ་གང་ཡིན་ནམ????????????????????????