བུད་མེད་༢༠༠ ཙམ་གྱིས་རྒྱ་ནག་གཞུང་ལ་འབོད་སྐུལ།

ཟླ་ ༥ ཚེས་ ༡ ཉིན་བོད་ཨ་མདོ་རྔ་པའི་རྔ་སྟོད་ནས་བུད་མེད་༢༠༠ མ་ཟིན་ཙམ་རྫོང་སྲིད་གཞུང་ལ། དེ་སྔོན་བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་པ་རྣམས་གློད་གྲོལ་དགོས་འབོད་སྐུལ་བྱེད་དུ་སོང་ཡོད་ནའང་། ས་གནས་ཀྱི་ཉེན་རྟོག་པ་དང་དམག་མིས་བཀག་འགོག་བྱས་ཡོད་འདུག

དྷ་ས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་ཟླ་འདིའི་ཚེས་༩ ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༥ ཚེས་ ༡ ཉིན་བོད་ཨ་མདོ་རྔ་པའི་རྔ་སྟོད་ཨ་འདུས་མཐའ་བ་དང་རྒྱ་སྡེ་ཚོ་གསུམ་སོགས་ཀྱི་བུད་མེད་༢༠༠ མ་ཟིན་ཙམ་གྱིས་དེ་སྔོན་ཨ་འདུས་སྡེ་བ་ཁག་གི་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་རྣམས་གློད་གྲོལ་གཏོང་དགོས་པའི་རེ་འདུན་འདོན་པར་རྔ་པ་རྫོང་སྲིད་དུ་སོང་ཡོད་ཀྱང་། ཨ་འདུས་སྡེ་བ་ནས་མར་སྤྱི་ལེ་བདུན་ཙམ་གྱི་སར་ཡོད་པའི་མཚམས་རིང་སྡེ་འདབ་ཏུ་དྲག་ཆས་ཉེན་རྟོག་པ་དང་། སྤྱི་བདེ་ཉེན་རྟོག་པ་སོགས་ཀྱིས་བཀག་འགོག་བྱས་ཏེ་འགྲོ་ཐུབ་མེད་འདུག སྐབས་དེར་དུས་ཡུན་རིང་པོར་ཨ་འདུས་སྡེ་བའི་བུད་མེད་ཚོ་དང་དྲག་ཆས་ཉེན་རྟོག་པ་སོགས་ཀྱི་བར་དུ་འཁྲུག་རྩོད་ཆེན་པོ་བྱུང་ཞིང་། དེར་ཡོད་ཉེན་རྟོག་པར་རྔ་པ་རྫོང་ཐོག་ནས་རྒྱབ་དཔུང་དུ་དྲག་ཆས་ཉེན་རྟོག་པ་འབོར་ཆེན་འབྱོར་ཏེ། ཛ་དྲག་གི་གདོང་ཐུག་བྱུང་ཉེའི་སྐབས་ཨ་འདུས་དགོན་པའི་ལས་སྣེ་སོགས་ཕེབས་ཏེ་མི་མང་ལ་ཕྱིར་འཐེན་བྱེད་དགོས་པའི་རེ་བ་ནན་གྱིས་བཏོན་པ་ལྟར་མི་མང་གིས་ཕྱིར་འཐེན་བྱས་འདུག

དེ་རྗེས་མི་མང་གྲོས་བྱས་ཏེ་དེང་སྐབས་བཀག་ཉར་འོག་ཡོད་པ་རྣམས་མི་སྒེར་བ་ཞིག་དང་ཁྱིམ་ཚང་གཅིག་གཉིས་ཤིག་གི་ཆེད་དུ་བཙོན་ཁང་དུ་སོང་བ་མ་ཡིན་པར་བོད་སྤྱི་བའི་ཆེད་ཡིན་པ་དང་། དེ་བཞིན་ཨ་འདུས་ཥེ་བ་སྡེ་བའི་རྒྱལ་གཅེས་དཔའ་བོ་འཇམ་དབྱངས་སོགས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ད་ལོའི་ས་ཞིང་འདེབས་ལས་མི་བྱེད་པ་དང་། དབྱར་རྩ་དགུན་འབུ་མི་བསྐོ་རྒྱུ་བཅས་བསམ་པ་གཅིག་མཐུན་གྱིས་ཐག་གཅོད་བྱས་ཡོད་ཀྱང་། ཕྱི་ཟླ་ ༥ ཚེས་ ༥ ཉིན་དེ་སྔོན་འཛིན་བཟུང་བྱས་པའི་མི་བདུན་རྔ་པ་རྫོང་ཐོག་ནས་གློད་གྲོལ་བྱས་ཏེ་ཞང་སྲིད་གཞུང་དུ་ཉིན་གསུམ་རིང་སློབ་གསོ་སྤེལ་དགོས་ཚུལ་གྱིས་བཀག་ཉར་རྗེས་གློད་གྲོལ་བཏང་འདུག་པ་དང་། དེ་མིན་ད་དུང་བཀག་ཉར་འོག་ཡོད་པ་རྣམས་ཀྱང་མི་འགྱངས་པར་གློད་གྲོལ་གཏོང་རྒྱུ་ཡིན་ལུགས་བརྗོད་ཡོད་པར་བརྟེན། དབྱར་རྩ་དགུན་འབུ་སྐོ་རུ་སོང་ཡོད་ཀྱང་ས་ཞིང་འདེབས་ལས་མ་བྱས་པར་མུ་མཐུད་ལྷག་ཡོད་འདུག

ཡང་ཕྱོགས་གཅིག་ནས་ད་ལྟ་བཀག་ཉར་འོག་ཡོད་པ་རྣམས་ལ་ནག་ཉེས་ལྕི་མོ་ཡོད་ཚུལ་ཀྱང་བརྗོད་ཀྱིན་ཡོད་འདུག ཕྱི་ཟླ་ ༤ ཚེས་ ༢༦ ཙམ་ནས་རྔ་པའི་སྟོད་སྨད་བར་གསུམ་ཚང་མས་ས་ཞིང་འདེབས་ལས་བྱེད་པའི་མགོ་བཙུགས་ཡོད་ལ། ད་ཆ་ཚང་མས་ལས་ཀ་རྫོགས་ཚར་ཡོད་འདུག ཨ་འདུས་སྡེ་བ་ཁག་ནི་འཚོ་བའི་ཡོང་འབབ་གཙོ་བོ་ཞིང་ལས་ལ་བརྟེན་ཡོད་པའི་ཞིང་པ་རྐྱང་རྐྱང་ཡིན་ཞིང་། ས་ཞིང་འདེབས་ལས་མི་བྱེད་པ་ནི་ཞིང་པ་དེ་དག་ལ་མཚོན་ན་འཚོ་བའི་ཡོང་འབབ་གཙོ་བོ་དེ་མེད་སོང་བ་ཡིན་པ་རེད།

དེ་སྔོན་རྨས་སྐྱོན་ཕོག་པ་ཕལ་ཆེ་བ་སྨན་ཁང་ནས་ཐོན་ཏེ་སོ་སོའི་ནང་ལ་སྨན་བཅོས་བྱེད་བཞིན་ཡོད་ཀྱང་། ཀླད་ཁྲག་བསྲེས་ཡོད་པའི་སློབ་དཔོན་སྐྱབས་ད་དུང་མུ་མཐུད་སྨན་ཁང་དུ་སྨན་བཅོས་བྱེད་ཀྱི་ཡོད་འདུག །