ཀླུ་ཆུ་རྫོང་དུ་སྒེར་བཙུགས་སློབ་གྲྭ་ཞིག་སྒོ་བརྒྱབ་འདུག
བོད་ཨ་མདོ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་དུ་བཙུགས་པའི་དྭ་ཕྲུག་སློབ་གྲྭ་ཞིག་རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་༥ པའི་ནང་སྒོ་བརྒྱབ་སྟེ། དེར་ཡོད་དགེ་རྒན་གཉིས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
དེ་ཡང་འབྲེལ་ཡོད་ཀྱིས་ཟླ་འདིའི་ཚེས་༡༢ ཉིན་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཀླུ་ཆུ་རྫོང་དུ་བཙུགས་པའི་སློབ་གྲྭ་དེའི་མིང་ལ་གངས་ལྗོངས་ཤེས་རིག་ཞི་བདེ་འོད་དཀར་གླིང་ངམ་ཀླུ་ཆུ་རྫོང་སྒེར་གཉེར་དྭ་ཕྲུག་སློབ་གྲྭ་ཟེར་གྱི་ཡོད་པ་དང་། སློབ་གྲྭ་དེ་རྒྱ་ནག་གཞུང་གིས་སྒོ་རྒྱག་དགོས་དོན་ཡང་སློབ་ཁྲིད་གཙོ་བོ་བོད་ཡིག་ཡིན་པ་མ་ཟད། བོད་ཀྱི་སྐད་ཡིག་དང་། བོད་སྐད། རིག་གནས་སོགས་སྦྱང་དགོས་པའི་སློབ་གསོ་མང་པོ་གཏོང་གི་ཡོད་པ་དང། སློབ་གཙོ་ཨ་བཙུན་བརྩོན་འགྲུས་རྒྱ་མཚོས་སློབ་གྲྭ་དར་གླུ་གཞས་ཤིག་བརྩམས་ཡོད་པ་དང་། ཁ་བྲལ་བས་ངན་སྐུལ་བྱས་པའི་གཞས་རེད་ཅེས་སྐྱོན་འཛུགས་བྱས་ཏེ་སྒོ་བརྒྱབ་ཡོད་འདུག
རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་དགེ་རྒན་གཉིས་དེ་ཡང་ད་ལྟ་གར་ཡོད་ཤེས་ཀྱི་མེད་པ་དང་། སློབ་གཙོ་ཨ་བཙན་བརྩོན་འགྲུས་རྒྱ་མཚོ་ཡང་ལོ་སྔོན་མའི་ཕྱི་ཟླ་༡ པའི་ནང་རྒྱ་གཞུང་གིས་འདྲི་རྩད་སྣ་ཚོགས་བྱས་མཐར། གར་སོང་ཆ་མེད་དུ་གྱུར་ཡོད་འདུག ཤེས་རྟོགས་བྱུང་བ་ལྟར་ན། དགེ་རྒན་དེས་བོད་ཀྱི་ལོ་རྒྱུས་བདེན་འཚོལ་དང་དེང་རབས་ཀྱི་གནས་ཚུལ་དངོས་གླེང་(དེབ་ཐེར་ནང་པོ་) ཞེས་པ་བྲིས་ཡོད་པས་རྐྱེན་གྱིས་ཡིན་འདུག
སློབ་གྲྭའི་དེའི་ནང་བོད་ཀྱི་ས་གནས་གང་ས་ནས་ཡོང་བའི་ཕ་མ་མེད་པའི་དྭ་ཕྲུག་དང་། དབང་པོ་སྐྱོན་ཅན། སློབ་ཡོན་སྤྲོད་མི་ཐུབ་མཁན་སོགས་སློབ་མ་ལྔ་བཅུ་ལྷག་ཡོད་འདུག །