༼སྐར་ཚོམ་ལ་ཡིད་སྨོན་ཤོར་བ༽

སྨག་ནག་གི་ལོ་ཟླ་འདི་ཡི་བར་གསེང་ན

ཁྲ་ལམ་ལམ་དུ་འཚེར་བཞིན་པའི་སྐར་ཚོམ

གྲང་རླུང་དང་བུ་ཡུག་གི་ཁྲོད་ན

ཤུགས་ཀྱིས་འགུལ་གྱིན་པའི་སྐར་ཚོམ་དེ་ཚོ་ནི

ཅི་འདྲའི་སེམས་ལ་མཛེས་ཨང

མ་གཞི་ནས

སྐར་ཚོམ་དེ་ཚོར

མུན་ནག་གི་ལོ་ཟླ་འདི

འཇུག་སྡུད་བྱེད་པའི་སྙིང་སྟོབས་ཡོད་ལ

ཞོགས་པའི་སྐྱ་རེངས་ལ་བསུ་བ་བྱེད་པའི་སྟ་གོན་ཀྱང་ཡོད་པས

ངས་ནམ་ཡང་ཡིད་སྨོན་བྱེད་ཀྱིན་ཡོད

སྐར་ཚོམ་དེ་ཚོ་ནི

ངའི་རྨི་ལམ་གྱི་རོལ་དབྱངས་ལ

རམ་འདེགས་བྱེད་མཁན་དེ་ཡིན་པས

ངས་སྐར་ཚོམ་དེ་ཚོ་དང་ལྷན་ཏུ

དུས་ཚིགས་ཀྱི་དབྱེ་བ་མེད་པའི

ལྷ་ཡུལ་ལྟ་བུའི་དབྱར་གཞུང་དེ

བསུ་བར་འདོད