ནང་ཆོས་ཀྱིས་ཁྱེད་ལ་ཅི་ཞིག་མཁོ་སྤྲོད་བྱེད་དམ།

ཆོས་པ་རབ་ཀྱི་བསམ་ཕྱོགས་དང་ལག་ལེན་ཁྲོད་ཀྱི་གལ་ཆེ་བ་ཞིག་ནི་བསླབ་པ་གསུམ་ཡིན། བསླབ་པ་གསུམ་ནི། གཅིག ཚུལ་ཁྲིམས་ཀྱི་བསླབ་པ། གཉིས། ཏིང་ངེ་འཛིན་གྱི་བསླབ་པ། གསུམ། ཤེས་རབ་ཀྱི་བསླབ་པ་བཅས་ཡིན། དེའི་ནང་ནས་ཤེས་རབ་ཀྱི་བསླབ་པ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་ཟེར་ཞིང་དེའི་གལ་ཆེའི་རང་བཞིན་དང་མི་ཚེ་དང་འཚོ་བའི་ཁྲོད་ཀྱི་ཕན་རླབས་སྐོར་གོང་དུ་མདོར་བསྡུས་ཤིག་གླེང་ཟིན།

ནང་ཆོས་ཀྱི་གཞུང་ནས་བཤད་པའི་ཤེས་རབ་ཀྱི་གཙོ་བོ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་བྱེད་ཅིང་། དེ་ཡང་བདག་འཛིན་ནམ་རང་ཉིད་མཆོག་དང་གཙོ་བོར་འཛིན་པའི་ངར་འཛིན་དེའི་འགལ་ཟླ་ཡིན་པས་ཡིན། བདག་འཛིན་ནི་གང་ལ་ཡང་ལྟོས་པ་མེད་ཅིང་རང་དབང་ཚུགས་ཐུབ་ཀྱི་བདག་དེ་འཛིན་པའི་ཤེས་པ་ཞིག་ལ་ཟེར། བདག་འཛིན་དེའི་དབང་གིས་རང་ཉིད་མཆོག་ཏུ་བལྟས་ནས་མི་ལ་མཐོང་ཆུང་བཏང་། གཞན་གནོད་པ་བྱས། གཞན་གྱི་བདེ་སྡུག་ལ་བསམ་ཤེས་མི་བྱེད་པར་རང་ཁོ་ནའི་ཆེད་དུ་ལས་ངན་གསོག་པར་བྱེད། ལས་ངན་ནི་ཚེ་ཕྱི་མ་རང་ཉིད་ཀྱི་ཐོག་སྡུག་བསྔལ་མང་པོ་ཡོང་རྒྱུ་དང་། ཚེ་འདིར་ཡང་མི་ཚེ་སྐྱིད་པོ་མེད་པ། གྲོགས་པོ་མེད་པ། གཉེན་ཉེའི་བརྩེ་བ་མི་བྱེད་པ། རང་ཉིད་ཁེར་རྐྱང་དང་སྤྱི་ཚོགས་ཀྱི་འགལ་ཟླར་ལྷུང་བའི་སྡུག་བསྔལ་སྣ་ཚོགས་མྱོང་གི་ཡོད། ལྟོས་མེད་ཀྱི་དེ་འདྲའི་བདག་ཅིག་མེད་པས་དེ་ཡོད་པར་འཛིན་པའི་བློ་དེ་ལོག་ཤེས་དང་ལོག་འཛིན་ཡིན་པས་དེ་མེད་པར་བཟོ་དགོས། དེ་མེད་པར་བཟོ་བ་ལ་དེའི་འགལ་ཟླ་རང་རྒྱུད་ལ་སྐྱེ་ནས་མེད་པར་གཏོང་བ་ལས་ཐབས་ཤེས་གཞན་མེད། སྟོང་ཉིད་རྟོགས་པའི་བློ་ནི་དེའི་འགལ་ཟླ་དང་བློ་ཡང་དག་པ་གཅིག་བུ་དེ་ཡིན། དེའི་ཕྱིར་སྟོང་ཉིད་རྟོགས་པའི་ཤེས་རབ་གལ་ཆེན་དུ་བརྩིས་པ་ཡིན།

བདག་འཛིན་དང་བློ་མ་རུང་དེ་ཚོ་མེད་པར་བྱེད་ཕྱོགས་ཀྱི་ནང་བ་སངས་རྒྱས་པའི་བསམ་བློ་གཏོང་ཕྱོགས་ནི་ཧ་ཅང་གཏིང་ཟབ་དང་བློ་ལ་བདེ་བ་ཞིག་སྟེ། དཔེར་ན། གཞི་གཅིག་ལ་མེ་སྟོབས་ཆེན་དང་ཤུགས་དྲག་འབར་བཞིན་ཡོད་ན་གཞི་དེར་ཆུ་གནས་མི་ཐུབ། དེའི་རྒྱུ་མཚན་ནི་མེ་ཆུ་གཉིས་དངོས་པོའི་རང་བཞིན་གྱིས་གཅིག་གཅིག་གི་གནོད་བྱེད་དང་ཕུན་ཚུན་འགལ་ཟླ་ཡིན་པའི་རྒྱུ་མཚན་གྱིས་ཡིན། ང་ཚོས་གཞི་གང་ཞིག་གི་ཐོག་ཏུ་མེ་མེད་པར་གཏོང་སྐབས་ཆུ་བཤོ་བ་དང་། གྲང་མོ་མེད་པར་གཏོང་སྐབས་ཚ་གློག་བསྟེན་པ་བཞིན་ནང་བའི་སེམས་རྒྱུད་ཀྱི་བློ་མ་རུང་བ་དེ་ཚོ་མེད་པར་བྱེད་པའི་ཐབས་ཤེས་ལ་དེའི་འགལ་ཟླའི་ཤེས་པ་རྣམས་བསྟེན་གྱི་ཡོད། དེ་ཡང་ཤེས་པའི་འགལ་ཟླ་ནི་བློ་དེས་གང་འཛིན་པའམ་བློ་དེའི་ཡུལ་གྱི་སྒོ་ནས་འབྱེད་དགོས། དཔེར་ན། འཁྲིས་ནད་ཀྱིས་ན་བའི་མི་ཞིག་གིས་ཤོག་བུ་དཀར་བོ་ལ་ལྟ་ཚེ་ཤོག་བུ་དེ་སེར་བོར་མཐོང་གི་ཡོད། དོན་ངོ་མ་མཐོང་མཁན་གྱི་མི་དེས་ཤོག་བུ་དེ་དཀར་བོར་མཐོང་གི་ཡོད། དེ་གཉིས་ནི་ཡུལ་འཛིན་ཚུལ་ལམ་ཡུལ་དུ་བྱེད་ཚུལ་གྱིས་འགལ་བ་ཡིན། དཔེ་མཚོན་འདིའི་ཐོག་ནས་ང་ཚོས་ཤེས་པ་གཞན་ལའང་རིགས་འགྲེ་ནུས།

 ཚུལ་ཁྲིམས་ཀྱི་བསླབ་པ་ནི་ཉེས་པའི་ཕྱོགས་སྲུང་སེམས་ཀྱི་ཤེས་པ་ཞིག་ལ་གོ་དགོས། དེ་ཡང་རྒྱ་ཆེ་ཙམ་གྱིས་བཤད་ན་གཞན་གྱི་ཆེད་དུ་ཡང་དག་པའི་ལས་མ་བརྩམ་པ་དང་། གཞན་ལ་གནོད་པའི་ལས། གཞན་ཡལ་བར་དོར་བའི་ལས་སོགས་ལས་སྲུང་བ་དེ་ཡིན། ཚུལ་ཁྲིམས་ནི་གྲྭ་བ་དང་ཨ་ནེས་སྲུང་དགོས་པ་དང་ཁྱིམ་པ་དང་སྐྱ་བོས་སྲུང་མི་དགོས་པ་ཞིག་གཏན་ནས་མིན། དཔེར་ན་གྲྭ་བས་རྐུ་བྱེད་མི་ཆོག རྐུ་མི་བྱེད་པ་ནི་རྐུ་བའི་ལས་ལས་སྲུང་བ་ཡིན་པས་ཚུལ་ཁྲིམས་ཡིན། འོན་ཀྱང་མི་སྐྱས་ཀྱང་རྐུ་བྱས་ན་ཉེས་པ་ཡོད། རྒྱུ་མཚན་ནི་གཞན་ལ་གནོད་པས་ཡིན། ཁྱེད་ཀྱིས་རྐུ་མི་བྱེད་པའི་དམ་བཅའ་བཞག་ནས་ལེགས་པར་སྲུང་ན་ཁྱེད་ཀྱིས་ཚུལ་ཁྲིམས་སྲུང་བ་ཡིན་པས་ཁྱེད་ཀྱིས་དགེ་བ་གསོག་གི་ཡོད། དེ་བཞིན་དུ་གྲྭ་བས་བུད་མེད་ལ་འཁྲིག་པ་སྤྱོད་མི་ཆོག རྒྱུ་མཚན་ནི་རང་ཉིད་དེ་ལ་མགོ་འཁོར་ནས་ཆོས་བྱེད་པ་ལ་བར་གཅོད་བྱེད་པས་ཡིན། འོན་ཀྱང་མི་སྐྱས་ཀྱང་རང་གི་བུད་མེད་ལས་གཞན་གྱི་བུད་མེད་ལ་འཁྲིག་པ་སྤྱོད་མི་ཆོག བཙན་གཡེམ་བྱེད་མི་ཆོག རྒྱུ་མཚན་གཞན་ལ་དཀྲུགས་ཤིང་སློང་བ་དང་གནོད་པ་བྱེད་པས་ཡིན། ཁྱེད་ཀྱིས་དེ་དག་མི་བྱེད་པར་སྲུང་ན་དེ་ཡང་ཚུལ་ཁྲིམས་སྲུང་བ་ཡིན། མདོར་བསྡུས་ནས་བཤད་ན་ཚུལ་ཁྲིམས་ནི་ཉེས་པའི་ཕྱོགས་ལས་སེམས་སྲུང་བ་ལ་གོ་ཞིང་ཉེས་པ་ཡིན་མིན་གྱི་ས་མཚམས་ནི་གཞན་དང་རང་ལ་གནོད་པ་དང་སེམས་ཀྱི་ཞི་བདེ་དཀྲུག་པར་བྱེད་པ་ལ་ཉེས་པ་དང་། ལུས་སེམས་བདེ་བ་དང་ཞི་བར་བྱེད་པ་ལ་དགེ་བའི་ཕྱོགས་སུ་གོ་བ་བླངས་ན་འགྲིག

བསླབ་པ་གསུམ་ལས་ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་ཏུ་གནས་པར་བྱེད་པའི་སེམས་བྱུང་ཞིག་ལ་གོ་དགོས། རྣམ་མཁྱེན་རྒྱལ་བའི་གོ་འཕང་དང་ཐར་བའི་གོ་འཕང་བསྒྲུབ་པ་ལ་སྒོམ་རྒྱག་དགོས་ཤིང་སྒོམ་ནི་ཡང་ཡང་གོམས་འདྲིས་བསྟེན་པ་ལ་ཟེར་བ་ཡིན། དཔེར་ན་ཁྱེད་ཀྱིས་སེམས་ཅན་གྱི་སྡུག་བསྔལ་གྱི་སྐོར་ཏེ་སྡུག་བསྔལ་གྱི་རྒྱུ་གང་ནས་ཡོང་གི་འདུག ཚུལ་ཇི་ལྟར་དུ་སྡུག་བསྔལ་སྦྱིན་གྱི་འདུག སྡུག་བསྔལ་མི་ཡོང་བའི་ཐབས་གང་འདྲ་འདུག་སོགས་ལ་ཡང་ཡང་བསམ་བློ་བཏང་ན་ཁྱེད་ཀྱིས་སེམས་ཅན་གྱི་སྡུག་བསྔལ་སྒོམ་པ་ཡིན། དེ་ལྟར་བསམ་བློ་གཏོང་སྐབས་ཁྱེད་ཀྱི་བསམ་བློ་སེམས་ཅན་གྱི་སྡུག་བསྔལ་སྐོར་ལ་རྩེ་གཅིག་ཏུ་གནས་དགོས། ཁྱེད་ཀྱིས་བསམ་བློ་དེ་གནད་དོན་གཞན་ཞིག་ལ་འཁོར་ན་ཁྱེད་ཀྱི་སྒོམ་ལ་ནུས་པ་ཐོན་མི་ཐུབ། དེའི་ཕྱིར་ཏིང་ངེ་འཛིན་དགོས་པ་ཡིན། ཏིང་ངེ་འཛིན་གྱིས་ཁྱེད་ཀྱི་སེམས་གང་ལ་དམིགས་པ་དེ་ལ་རྩེ་གཅིག་ཏུ་གནས་པར་བྱེད་པ་ཡིན།

ཆོས་གཞུང་ནས་བཤད་པའི་ཏིང་ངེ་འཛིན་ནི་མི་ཚེ་དང་འཚོ་བའི་ཁྲོད་དུའང་མེད་དུ་མི་རུང་བ་ཞིག་དང་ཡོད་ན་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ཡིན། ལས་དོན་དང་། སློབ་སྦྱོང་། འཆད་འཁྲིད། འཆར་གཞི་འདིང་བ་སོགས་གང་གི་སྐབས་སུ་ཡང་སེམས་བརྟན་པོ་དང་ལས་དོན་དེ་རང་ལ་གཅིག་ཏུ་བསྒྲིམ་ཐུབ་ན་ལས་ཀའི་གྲུབ་འབྲས་ཐོན་པ་ལ་ནུས་པ་དང་སྟོབས་ཤུགས་ཆེན་པོ་ཡོད། དེ་ནི་ང་ཚོས་ལས་དོན་ཞིག་གི་འགོ་མཇུག་བར་གསུམ་དུ་ཞིབ་ཚགས་ཀྱིས་བསམ་བློ་བཏང་ན་ཉམས་མྱོང་གིས་ཤེས་ཐུབ