༼མཁས་ཉམས་མ་སྟོན༽
གངས་དཀར་ལྷ་མོ་འདི་ལང་ཚོ་དར་སྐབས།།
བཙན་པོ་སྲོང་བཙན་དང་གཉེན་བསྡེབས་བྱས་ནས།
འཛམ་གླིང་སུམ་གཉིས་ལ་མངའ་དབང་བསྒྱུར་སྐད།།
རྒྱལ་རབས་ལོ་རྒྱུས་ན་རླུང་ལྟར་གྲགས་མོད།
ལོ་ཟླ་རིམ་བགྲོད་དང་དུས་ཚོད་འགྱུར་འགྲོས།།
ཕྱི་རྐྱེན་ནད་རྐྱེན་གྱི་རྦ་རླབས་ཁྲོད་ནས།།
བསྐལ་བ་མར་བརྒུད་དང་ལྷན་དུ་བཞུར་ནས།།
ཁ་ཆག་སྣ་རུལ་གྱི་དུས་ལ་ཐུག་སོང།།
དུས་རབས་གཉིས་ཀྱི་ནི་བར་མཚམས་ཤིག་ནས།།
བཙན་པོའི་མི་རིགས་ཤིག་རྫོགས་ལ་ཉེ་བས།།
ཁ་བའི་བུ་ཆུང་འགས་བཟོད་ཐབས་བྲལ་ཏེ།།
གཅེས་པའི་ཚེ་སྲོག་དེ་མེ་རུ་བསྒྲོན་སོང་།།
མེ་དཔང་དམར་པོ་ཡི་ཀློང་ན་བསྐྱོད་པའི།།
རིགས་མཐུན་སྤུན་ཟླ་དེའི་མདུན་རྒྱབ་དེ་ན།།
རྣམ་ཤེས་ཁྲི་འབུམ་གྱི་རེ་འདུན་ཡོད་པས།།
གངས་རིའི་བུ་ཕྲུག་རྣམས་བརྗེད་པ་མ་གནོངས།།
ཡ་གི་ཁྲི་ཐོག་ན་འགྱོང་བག་ངོམ་པའི།།
བླ་ཆེན་དབོན་ཆེན་ཚོས་ཐུགས་བསམ་བཞེས་རོགས།།
ཆོས་རིགས་ལེགས་བྱང་དེ་གནས་ན་ཆོག་གི།།
མི་རིགས་མི་དགོས་ཞེས་མཁས་ཉམས་མ་སྟོན།།
ཚོགས་པ་སྐྱིད་སྡུག་དང་ནང་མི་སྤུན་མཆེད།།
རང་བཙན་དབུ་མ་དང་འགལ་གི་མ་ཟེར།།
མཐུན་སྦྲེལ་དཔུང་རྡང་གི་ལམ་ལ་བསྐྱོད་ནས།།
སྔོན་ཐོན་མི་རིགས་ཀྱི་གྲལ་ལ་བསྙེགས་རོགས།།
རྒྱ་གར་གཞིས་ཆགས་དང་ཕྱི་གླིང་བོད་རིགས།།
རང་སྐད་གཞན་སྐད་རེ་བསྲེས་ལྷད་བྱས་ནས།།
སྐད་ཡིག་རང་དབང་དེ་མི་དགོས་མ་ཟེར།།
གཞིས་བཞུགས་སྤུན་ཟླ་ཚོ་སེམས་ཤུགས་ཆགས་འགྲོ།
ཨ་རོགས་ན་མཉམ་གྱི་གཤིས་བཟང་གྲོགས་མཆོག།
གཞན་བརྟེན་གཤིས་གོམས་དེ་རྒྱང་དུ་དོར་ནས།།
མི་བུའི་སྒེར་ཚུགས་ཀྱི་ནུས་ཤུགས་སྔོག་ནས།།
ཕ་གཞིས་འཛུགས་བསྐྲུན་གྱི་ལས་ལ་བྲེལ་རོགས།།
དམར་ཕྱོགས་རྒྱ་ནག་དེ་ཁ་གཏད་བཙན་ཀྱང་།།
ཕ་མཁར་སྨུག་པོ་དེ་ང་ཚོའི་ཡིན་པས།།
ཞི་བདེ་རྒྱ་མཚོ་ཡི་ལྷིང་འཇགས་དཀྲོག་ཀྱང་།།
ཕ་ས་ཕ་ཡུལ་དེ་རང་ལ་དབང་དགོས།།
དུས་རབས་རེ་རེ་དང་མི་རབས་བརྗེས་ཀྱང་།།
བདེན་པའི་འཐབ་རྩོད་འདིའི་རིན་ཐངརྟོགས་ནས།།
སྤུན་ཟླའི་ཤ་ལན་དང་ཁྲག་ལན་དགོས་པས།།
ནམ་ཡང་གཅིག་སྒྲིལ་གྱི་དཔུང་རྡང་སྦྲེལ་དགོས།།