ནཱེ་ཇེར་རྒྱལ་ཁབ་ཀྱི་ཕྲུ་གུའི་ཟས་བཅུད་ཀྱི་དཀའ་ངལ།
ཕྱི་ཚེས་༡༧ ཉིན་བྷི་བྷི་སིའི་གསར་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྲུ་གུ་རོགས་སྐྱོར་ཐེབས་རྩས་“ཨ་ཧྥི་རི་ཀའི་རྒྱལ་ཁབ་ནཱེ་ཇེར་ནང་དུ་ཕྲུ་གུའི་ཟས་བཅུད་མ་འདང་བའི་དཀའ་ངལ་འགོག་ཐབས་ཐད་ཟླ་བ་དུ་མའི་རིང་ཉེན་བརྡ་བཏང་ཡང་ཕན་ཐོགས་དེ་ཙམ་བྱུང་མ་སོང་”ཞེས་བརྗོད་འདུག
ཐེབས་རྩ་དེས་བརྗོད་གསལ་ལ། ནུབ་ཨ་ཧྥི་རི་ཀའི་ནང་མི་མང་ས་ཡ་༡༨ ལྷག་ལ་མུ་གེའི་དཀའ་ངལ་འཕྲད་བཞིན་པ་དང་། ལྷག་པར་དུ་ནཱེ་ཇེར་ནང་ཕྲུ་གུ་ས་ཡ་གཅིག་ལྷག་ལ་ཟས་བཅུད་མ་རག་པའི་ཉེན་ཁ་དང་། བཀྲེས་སྐོམ་གྱི་སྡུག་ངལ་འཕྲད་མུས་ཡིན་པ་རེད།
ཐེབས་རྩའི་ངོས་ནས་སྟོབས་ཆེན་རྒྱལ་ཁབ་བརྒྱད་ཀྱི་ཚོགས་ཆེན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་གསལ་བ་ལྟར་ན། ལོ་རེའི་ནང་འཛམ་གླིང་ཁྱོན་ཡོངས་ནས་ཕྲུ་གུ་ས་ཡ་༡༧༡ ལྷག་ལ་མུ་གེའི་དཀའ་སྡུག་མྱོང་བཞིན་ཡོད་སྐོར་འཁོད་ཡོད་པ་རེད།
བཀྲེས་སྐོམ་དང་ཟས་བཅུད་མ་རག་པའི་དཀའ་ངལ་གྱི་གནས་ཚད་གསར་པ་ཞིག་ལ་སླེབས་ཟིན་ཡོད་ཅིང་། ཕྲུ་གུ་ལ་སྨན་བཅོས་བྱེད་དགོས་པའི་གནས་སྟངས་ཀྱང་ཛ་དྲག་ཏུ་འགྲོ་བཞིན་ཡོད།
ཕྲུ་གུ་རོགས་སྐྱོར་ཚོགས་པས་སྟོབས་ཆེན་རྒྱལ་ཁབ་བརྒྱད་ཀྱི་དབུལ་ཕོངས་ཀྱི་གནས་སུ་ལྷུང་བའི་མི་མང་ས་ཡ་༥༠ ཙམ་སྐྱོབས་ཐུབ་པའི་གྲོས་གཞི་དེར་ངོས་འཛིན་དང་དགའ་བསུ་ཞུས་ཐོག དཔལ་འབྱོར་སྔོན་ཐོན་གྱི་རྒྱལ་ཁབ་བརྒྱད་པོའི་འགོ་ཁྲིད་ཚོར། ཚོགས་ཆེན་སྔོན་ཨ་ཧྥི་རི་ཀའི་ཕྲུ་གུའི་དབུལ་ཕོངས་ཀྱི་སྡུག་བསྔལ་ལ་འགན་སྲུང་བྱེད་དགོས་པའི་དྲན་གསོའི་ཉེན་བརྡ་བཏང་ཡོད་པ་རེད།།
ཟས་བཅུད་ཀྱི་དཀའ་ངལ་དེ་ཛ་དྲག་གི་ཡ་ལན་བྱེད་དགོས་པའི་གནས་སྟངས་ཤིག་ལ་སླེབས་བཞིན་ཡོད། བྷི་བྷི་སིའི་གསར་འགོད་པ་ཝོལ་ཌརི་ཇིས་བརྗོད་དོན། ཟས་རིགས་ཀྱི་དཀའ་ངལ་གྱི་གནས་ཚུལ་དེ་ལོ་གཅིག་སྔོན་ཙམ་ཤུགས་ཆེ་རུ་ཕྱིན་པ་དང་། དེའི་རྒྱུ་རྐྱེན་གཙོ་བོ་ཆར་པ་དུས་ཐོག་མ་བབས་པར་བརྟེན་སྟོན་ཐོག་མ་བྱུང་བ་དང་། དེས་ཟ་འབྲུའི་གོང་འཕར་ནས་བྱུང་བ་ཞིག་རེད་ཅེས་བརྗོད་ཡོད་པ་རེད།
རོགས་སྐྱོར་ཚོགས་པ་ཁག་གི་ཟས་བཅུད་དཀའ་ངལ་ཉུང་དུ་གཏོང་ཐབས་ཐད་རོགས་སྐྱོར་གང་ཐུབ་བྱེད་ཡོད་པ་རེད་མོད། ད་དུང་ཛ་དྲག་ཏུ་འགྲོ་མུས་ཡིན་པ་རེད།
ད་ལྟའི་ཆ་ནས་འཛམ་བུ་གླིིང་གི་ཕྲུ་གུའི་བརྒྱ་ཆ་༢༥ ཙམ་ཟས་བཅུད་མ་འདང་པའི་དཀའ་སྡུག་འོག་ཚུད་ཡོད་པ་དང་། ལྷག་པར་དུ་ཨ་ཧྥི་རི་ཀར་ཁ་ཟས་ཀྱི་དཀའ་ངལ་ཛ་དྲག་ཆགས་ཡོད་སྐོར་ཕྲུ་གུ་རོགས་སྐྱོར་ཐེབས་རྩས་འགྲེལ་བརྗོད་བྱས་འདུག
ཐེབས་རྩ་དེས་རྒྱལ་ཁབ་བརྒྱད་ཀྱི་ཚོགས་ཆེན་སྐབས་འགོ་ཁྲིད་ཚོས་ཕྲུ་གུར་ཁ་ཟས་འདང་ཙམ་སྦྱིན་རྒྱུ་མིན་པར་ཟས་བཅུད་དང་ཟས་རིགས་མ་ནོར་བར་སྦྱིན་རྒྱུར་ཆོད་སེམས་གཏན་པོ་ཡོང་བའི་འགན་ཁུར་བྱེད་དགོས་པའི་རེ་འདུན་བཏོན་ཡོད་པ་རེད།
