ཁྱེད་ཀྱིས་དེ་སྒྲའི་སྐོར་ལ་ག་ཙམ་མཁྱེན། ངའི་དེ་ཡི་སྐོར་ལ་ཉུང་ཙམ་ཞིག་བྲིས་ཡོད་པས་མ་ཉོབ་པར་ཀློག་འཚལ།
གྲོགས་པོ་ཡོང་ལ་འཚམས་འདྲིས་བཀྲ་ཤིས་བདེ་ལེགས་ཞུ། ཡུན་རིང་མ་མཇལ་བའི་ཟླ་བའི་ནང་
ཁྱེད་ཅག་གི་སྐུ་གཟུགས་བདེ་ཐང་ཡོད་པ་དང་། བྱ་བ་ལམ་འགྲོ་ཡོང་བཞིན་ཡོད་པའི་རེ་བ་དང
་ལྷན་ཅིག་ཏུ། ངས་ཁྱེད་ཅག་ལ་ཞུ་འདོད་པ་ཞིག་ནི། དེ་རིང་ནི་རྒྱལ་ཡོང་རང་བཞིན་ཅན་དུ་
བདུན་ཕྲག་གཅིག་གི་ཐོག་མའི་ལས་ཀའི་འགོ་འཛུགས་བྱེད་བཞིན་པ་ལྟར།
ང་རང་གིས་ཀྱང་དེ་ལ་དཔག་པས་ལས་ཀའི་འགོ་འཛུགས་བྱས་ཏེ་ད་ནིང་ཞོགས་པར་རྒྱ་གར་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་དངོས་སུ་འགོ་འཛུགས་བྱས་པ་ཡིན། ངས་ལས་ཀ་ལ་ཡང་ཁྱེད་ཅག་ལ་དཔེ་བཟང་ཕྱོགས་ནས་བལྟས་ནས་ལས་ཀའི་དུས་ཚོད་རེའུ་མིག་ཅིག་ཀྱང་མཚམས་རེར་ཡོང་བཞིན་ཡོད། དེ་བཞིན་དུ་ད་ནངས་ཞོགས་པ་ནས་རང་གི་ཁྲིད་གཞིའི་ལས་ཚན་དག་ལ་ཡང་ཡང་བལྟས་ཤིང་ཡང་ཡང་བཀླགས་པས་དལ་ཅིག་ཐོམ་མེར་ལུས་པ་ལྟ་བུ་བྱུང་སོང་།
དེ་ནི་བོད་ཡིག་ལ་དོག་ཙམ་རེ་མཁྱེན་མཁན་རེ་ཡིན་ན་མི་སུ་གཅིག་གིས་ཀྱང་དེ་ལ་བློ་ཐོམ་མེར་ལུས་དགོས་པའི་ཡུལ་ཞིག་དང་བསམ་བློས་ཚད་ཐིག་ལ་མི་སླེབ་པའི་ཡུལ་ཞིག་ཏུ་མི་བརྩི་བས་སློབ་དཔོན་ཐོན་མིས་མཛད་པའི་སུམ་ཅུ་པའི་འགྲེལ་བ་ལེགས་བཤད་ལྗོན་དབང་གི་སྐབས་ནས་ཕྲད་རང་དབང་ཅན་བཤད་སྐབས་ཀྱི་དེ་སྒྲའི་སྐོར་དེ་ཡིན་ལ། འདི་ལྟ་བུའི་སྐད་ཆ་དེ་ཁྱེད་ཅག་བོད་ཡིག་ཉུང་ཙམ་ལས་མི་ཤེས་མཁན་དག་གིས་བལྟས་ན་ཁྲེལ་དགོད་དུ་ཤོར་ས་ཞིག་ཏུ་བརྩི་བཞིན་ཡོད་ལས་ཆེ།
ད་དུང་བོད་ཡིག་གི་ཆུ་ཚད་ཀྱི་ཧ་ཅུང་ཕྱུག་པོ་ཡིན་པའི་འགྲེལ་བ་མཁན་པོ་དག་གིས་བལྟས་ན་སྙིང་རྗེ་བའི་ཡུལ་དུ་ཡང་འཇོག་སྲིད་ལ། ད་དུང་བོད་ཡིག་གི་ཆུ་ཚད་ཡར་མར་གཉིས་ཆ་ལ་སླེབས་མ་ཟིན་པ་དག་གིས་མཐོང་ན་འདི་ཡི་སྐོར་ལ་དཔྱད་པའི་གཏམ་རེ་ཡང་གཏོང་མི་སྲིད་པ་མིན། འདི་ཡི་ནང་ནས་ང་ཚོའི་ལས་ལ་བབ་པའི་འགན་འཁྲི་དེ་ནི་གྲོགས་པོའི་ནང་ཕན་ཚུན་གཅིག་གིས་གཅིག་ལ་ཚིག་ཟིན་བྲིས་ས་ནས་གཅིག་གིས་མཆན་བུ་འདེབ་པ་ནི་ང་ཚོའི་ནང་ཕན་ཚུན་གཉིས་ཆ་ལ་ཕན་པའི་ལེགས་ཆ་འབྱུང་བའི་རྒྱུ་ཞིག་ཏུ་འཁུམ།
ད་ངས་བཤད་བསམ་པ་དེ་ནི་དེ་སྒྲའི་འཇུག་ཚུལ་བཤད་པའི་སྐབས་སུ་འགྲེལ་བཤད་རེ་རེས་འགྲེལ་བ་མི་འདྲ་བ་རེ་རེ་བྲིས་ནས་དེ་དག་ལ་དཔེར་བརྗོད་དེ་ལས་ཀྱང་མི་འདྲ་བ་རེ་རེ་བཞག་ནས་སུམ་ཅུ་གཞུང་དོན་ལ་སྒྲིབས་ནས་འདི་ལྟར་ང་ཚོ་ལ་མགོ་བོ་རྨོངས་སུ་བཅུག་པ་ནི་འགྲེལ་བཤད་མཁན་པོ་དག་ལ་ཉེས་པ་རེ་ཆེ་སྙམ་དུ་བསམ་པ་དེ་ཡིན།
དཔེར་ན་ཉན་ཤུལ་མཁྱེན་རབ་འོད་གསལ་མཆོག་གིས་དེ་ཡི་སྐོར་ལ་འགྲེལ་བཤད་གནང་སྐབས་། མིང་གི་ཐོག་མའི་དེ་མའི་དེ་སྒྲ་ནི། །ཞེས་པ་དེ་ནི་མཐའ་གཅིག་ཏུ་ནོར་བ་ཡིན་པ་དང་། དེ་སྒྲ་དེ་ནི་མིང་གི་ཐོག་མ་ལ་འཇུག་པ་དེ་རྒྱ་རོང་གི་ཡུལ་སྐད་ལ་། དེ་སྣ་དང་། དེ་རྡོ་དང་། དེ་མིག་སོགས་ཟེར་བ་ང་རང་གི་དངོས་ཐོས་པའི་ཡུལ་ལུང་བྱེ་བྲག་པའི་སྐད་ཅིག་གི་ནང་ལ་ཡོད་པ་དེ་ཙམ་བཤད་ཚུལ་ཡོད་པ་ཞིག་དང་།
གཞན་ཡང་བྱིས་པ་ཆུང་ཆུང་དག་ལ་ཕ་མས་སྐད་ཆ་སློབ་སྐབས་དེ་སྣ་རེད་། དེ་མེ་ཏོག་རེད་ཟེར་བ་སོགས་གྲོང་སྐད་ཙམ་ལས་དངོས་སུ་ཡིག་ཐོབ་ཀྱི་དབང་དུ་བྱས་ན་དེ་སྒྲ་མིང་གི་ཐོག་མ་ལ་འཇུག་པ་རྩ་བ་ནས་མེད་པ་རེད་ཟེར་ནས་ཁ་ཚོན་བཅད་ནས་གསུངས་ཤིང་། དེས་ན་ཁོང་གིས་གསུང་པར། གང་མིང་གི་ནི་ཡ་མཐའ་རུ། །ཞེས་པའི་ཡ་དེ་མ་ལ་ནོར་བ་ཡིན་པར་ཡང་འགྲེལ་བརྗོད་གནང་འདུག་པར་སུས་ཀྱང་དགག་པའི་ཡུལ་དུ་མ་བཞག་པ་ནི་བོད་ཀྱི་སྐད་ཡིག་ལ་དོ་སྣང་མ་བྱེད་པའམ། ཡང་ན་དགག་རིན་མ་མཆིས་པ། དེ་ལས་གཞན་འདི་གཏན་ཚིགས་སྒོ་ནས་བརྩིས་ན་ཚུལ་གསུམ་ཆར་ཚང་སོང་བ་ཨེ་རེད།
གྲོགས་པོ་དག་ཁྱེད་ཅག་ལ་ཡང་རྣམ་དཔྱོད་ཀྱི་རྩལ་རེ་རེ་ཡོད་པས་ཁྱེད་ཅག་བལྟས་ན་འདི་ཡི་སྐོར་དེ་རིགས་པའི་འགྲོ་སྟངས་དང་མཐུན་པ་ཞིག་ཏུ་ངོས་འཛིན་ནམ་ཅི། ངས་བལྟས་ན་མིང་གི་ཐོག་མའི་དེ་སྒྲ་ཟེར་བ་དེ་རྒྱན་ཚིག་དང་མིང་ཚིག་བྱ་ཚིག་གསུམ་གྱི་སྡེ་ཕྱེ་བའི་མིང་ཚིག་ལ་ཐད་ཀར་འཇུག་པ་དེ་ལ་བསམ་བློའི་དཔྱད་གཞིའི་ས་བོན་ཙམ་་རེ་ཡོད་པར་བདག་གི་བློ་ཁབ་མིག་ཙམ་དེས་ཀྱང་མཐོང་ཐུབ་ལ། ཡིན་ན་ཡང་འདི་སྐབས་ཀྱི་མིང་ཟེར་བ་དེ་དེ་གསུམ་གྱི་སྡེ་ཕྱེ་བའི་མིང་ཚིག་གཅིག་གཅིག་པུ་ལ་གོ་རྒྱུ་ཡིན་པ་བདག་གིས་ཇི་ལྟ་ཇི་ལྟར་བསམ་ན་ཡང་དེ་ལྟ་དེ་ལྟར་བདག་གི་གློ་བ་དགའ་བའི་འགྲེལ་བཤད་ཅིག་ཏུ་མཐོང་ཐུབ་མ་སོང་།
བདག་གི་ལྟར་ན། མིང་གི་ཐོག་མ་ཞེས་པ་དེ་སྤྱིར་རྒྱན་ཚིག་དང་མིང་ཚིག་དང་བྱ་ཚིག་གསུམ་པོ་ལ་མིང་ཚིག་ཅེས་ཐ་དུ་འདོགས་པའི་སྲོལ་དེ་གནའ་བོའི་དུས་ནས་ད་ལྟའི་བར་ཆུ་བོ་ཆེན་པོ་གཙང་པོ་བཞུར་བ་བཞིན་དུ་ཡོད་པ་ལྟར་ང་ཅག་གིས་གོ་བ་དེ་ལྟར་དུ་ལེན་ན་མི་འགྲིགས་པ་མེད་དམ་སྙམ། དེས་ན་མིང་གི་ཐོག་མ་ལ་དེ་སྒྲ་འཇུག་པ་དེ་མི་མང་དུ་མིག་ལམ་དུ་འབུར་ཡོང་བས་དཔྱོད་ལྡན་དག་གིས་འདི་ལྟར་དུ་དཔྱད་པར་འཚལ།
དཔེར་ན། བྱ་ཚིག་གི་སྔོན་དུ་འཇུག་པ་ནི། དེ་ཟོས་ལ་ལས་བྱ་ལྟ་བུ་དང། རྒྱན་ཚིག་གི་ཐོག་མར་འཇུག་པ་ནི། དེ་ནི་མཛེས་སྡུག་དང་ལྡན་ལྟ་བུ་དང་། མིང་ཚིག་གི་སྔོན་དུའང་མི་གཏན་ནས་མི་འཇུག་པ་མིན་ཏེ། དེ་ཀ་བ་རིང་པོ་ཡིན་ལྟ་བུ་དང་། དེ་ནི་རྒྱ་གར་ན་ཡོད་ལྟ་སོགས་ཡིན་ལ།
ཡིན་ན་ཡང་ཉན་ཤུལ་པ་ཁོ་རང་གི་དགོངས་པ་ལྟར་ན་། དེ་དང་མིང་ཚིག་བར་དུ་བརྣན་ཚིག་དང་གཞན་ཚིག་གྲོགས་སོགས་གང་མེད་པར་དེ་སྒྲ་མིང་གི་ཐོག་མར་མི་འཇུག་སྙམ་པ་དེ་རེད། དཔེར་ན་། དེ་སྣ་དང་དེ་ཆུ་དང་དེ་ས་སོགས་མི་ཡོང་བ་ལྟ་བུའི་འགྲེལ་བཞིན་ཡོད་པར་གོ་ཐོས་བྱུང་། ཡིན་ན་ཡང་མཁས་དབང་ཁོང་གིས་གསུང་ལ་ཡང་རང་ཅག་གིས་དཔྱད་ཁུལ་ཅུང་ཙམ་ཞིག་བྱས་པ་ཡིན་ན་ཡང་ཤིན་དུ་ནས་ཀྱང་མི་འོས་པ་ཞིག་དང་མི་རུང་བ་ཞིག་དང་མི་གཞིའི་སྐྱོན་ལ་ངན་མཚངས་བྲིས་པ་ལྟ་བུ་ཞིག་ཏུ་འགྱུར་བར་བདག་གི་མི་སེམས་ལ་ཁྱེད་ཅག་གི་བསམ་པར་མི་འོས་ལ། འདི་ཡི་སྐོར་ལ་དོགས་སློང་ཡོང་བར་རེ་སྐུལ་དུ་བསོད་ནམས་ཆོས་རྒྱལ་གྱིས་ལྗོན་པས་བསིལ་བ་བྱིན་པའི་ལྡིང་ཁང་ནས་།