རྒྱ་ནག་གི་ཁྲིམས་རྩོད་ཁྲེན་ཀུང་ཁྲེང་ཨ་རིར་འབྱོར་འདུག

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན།  རྒྱ་ནག་གི་ཁྲིམས་རྩོད་པ་མིག་ལོང་བ་ཁྲེན་ཀུང་ཁྲེང་དང་ཁོང་གི་ནང་མི་པེ་ཅིང་ནས་འདི་ཟླའི་ཕྱི་ཚེས་༡༩ ཉིན་ཨ་རིའི་ནིའུ་ཡོག་ཏུ་འབྱོར་ཡོད་པ་རེད།

ཁྲེན་ཀུའང་ཁྲེང་རྒྱ་ནག་གི་ལྟ་སྲུང་འོག་ནས་ཉེ་ཆར་པེ་ཅིང་ཨ་རིའི་གཞུང་ཚབ་ཏུ་བྲོལ་བྱོལ་དུ་ཡོང་ནས་ཉིན་དྲུག་རིང་སྐྱབས་བཅོལ་དུ་བསྡད་པ་རེད། གནད་དོན་དེས་རྒྱ་ནག་ལ་ཁ་སྐྱེངས་པོ་བཟོས་ཤིང་། ཨ་རིའི་རྒྱལ་དོན་དྲུང་ཆེ་ཧི་ལ་རི་ཁ་ལིན་ཊོན་རྒྱ་ནག་ཏུ་ཕྱོགས་གཉིས་པོའི་དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས་ཀྱི་ལྟ་སྐོར་ལ་འགྲོ་སྐབས་འབྲེལ་ལམ་གྱི་དཀའ་ངལ་དུ་གྱུར་ཡོད་པ་རེད།

ཁྲེན་ཨ་རི་ལ་འབྱོར་མ་ཐག་བརྗོད་དོན།  “ངའི་བསམ་ཚུལ་ལ་གནས་སྟངས་ཇི་ལྟར་ཐབས་སྡུག་དང་ཛ་དྲག་ཆགས་ཀྱང་། གལ་སྲིད་རང་ཉིད་ཀྱིས་གནད་དོན་དེར་བློ་སེམས་རྩེ་གཅིག་ཏུ་གཏད་པ་ཡིན་ན། མི་སྲིད་པ་ཞིག་ནམ་ཡང་ཡོད་པ་མ་རེད། ངའི་རེ་བར་རྒྱ་ནག་ནང་དུ་དྲང་བདེན་དང་ཁྲིམས་མཐུན་ཡར་རྒྱས་གཏོང་བར་མཉམ་ལས་བྱེད་རྒྱུ་རེད། འདྲ་མཉམ་དང་དྲང་བདེན་ལ་མཐའ་མཚམས་མེད་པ་ཞིག་རེད་”ཅེས་བརྗོད་འདུག

ཁྲེན་གིས་ཨ་རིའི་གསར་འགོད་པ་ཚོར་“ངའི་གནས་སྟངས་ལ་རྒྱ་ནག་གཞུང་གི་ངོས་ནས་ཞི་འཇམ་གྱིས་བསྟུན་མཁས་བྱས་པར་ང་རང་ཧ་ཅང་དགའ་པོ་བྱུང་ལ། ཡི་རངས་བྱེད་ཀྱི་ཡོད། ངའི་རེ་བར་གནད་དོན་གང་ལའང་གུ་ཡངས་བྱས་ན་རྒྱུན་འཁྱོངས་ཡོང་བར་མཐོང་གི་ཡོད་ལ། མི་མང་གིས་གུས་བཀུར་དང་ཡིད་ཆེས་བྱེད་པར་ཡིད་ཆེས་ཡོད་”ཅེས་ བརྗོད་ཡོད་པ་རེད།

ཁྲེན་ནི་རྒྱ་ནག་གི་ལས་འགུལ་བ་གལ་ཆེན་ཞིག་ཡིན་པ་ཞིང་། ད་ཐེངས་ནིའུ་ཡོག་ཁྲིམས་ཀྱི་སློབ་གྲྭ་ཆེན་མོས་ཁྲིམས་ཀྱི་སློབ་སྦྱོང་གི་གོ་སྐབས་སྤྲད་པ་བཞིན། ལོ་གཉིས་སམ་གསུམ་ལ་སློབ་གཉེར་བྱེད་རྒྱུ་ཡིན་པ།

ཁྲིན་གྱིས་རྒྱ་ནག་ཏུ་ཞིང་པ་དང་། དབང་པོ་སྐྱོན་ཅན་གྱི་མི་སེར། དེ་བཞིན་བཙན་དབང་གིས་ཕྲུ་གུ་མངལ་ནས་འདོན་འཇུག་པ་སོགས་ཀྱི་དཀའ་ངལ་ལ་ལོ་མང་ཁྲིམས་རྩོད་བྱས་ཏེ། མི་མང་གི་རང་དབང་སྲུང་སྐྱོབ་ཆེད་ལས་འགུལ་ཤུགས་ཆེར་སྤེལ་བར་བརྟེན། རྒྱ་ནག་གཞུང་གིས་ལོ་དྲུག་རིང་བཙོན་དུ་བཅུག་ཅིང་། ཟླ་བ་༡༩ ཙམ་ལྟ་སྲུང་འོག་ཏུ་བཅུག་ཡོད་པ་རེད།

ད་ལྟ་ཁྲེན་གྱི་ཕ་ཡུལ་ཧྲན་ཏུང་གྲོང་པར་ཨ་མ་དང་ཉེ་འབྲེལ་གཞན་ཁ་ཤས་ད་དུང་དམ་དྲག་འོག་ཏུ་ཡོད་པས་སེམས་འཁྲལ་བྱེད་བཞིན་ཡོད་པ་རེད། །