འདོད་ཆགས་དང་འཚོ་བ།

སྐབས་འདིར་བཤད་བསམ་པ་ནི་ནང་པའི་ཆོས་ཀྱི་གཞུང་ལུགས་ཀྱིས་བཤད་སྟངས་ལྟར་ན་ངེས་པར་དུ་མེད་པར་གཏང་དགོས་པའི་སྐྱོན་གསུམ་སྟེ། དུག་གསུམ་གྱི་སྐོར་ཡིན། དུག་གསུམ་ནི་རྒྱུན་ལྡན་ནས་ང་ཚོས་གླེང་བཞིན་པའི་འདོད་ཆགས་དང་། ཞེ་སྡང་། གཏི་མུག་བཅས་ལ་ཟེར།

འདོད་ཆགས་ནི་ཡོངས་གྲགས་ཀྱི་ངོས་འཛིན་བྱེད་སྟངས་ལྟར་གྱི་བུ་དང་བུ་མོ་ཕན་ཚུན་ལ་ཆགས་པའི་སྤྱོད་པ་དང་། འཁྲིག་པའི་འདོད་ཆགས་ཙམ་ལ་ངོས་འཛིན་བྱས་ན་ནོར་བ་དང་ཁྱབ་ཆུང་བ་ཡིན། ནང་ཆོས་ཀྱི་གཞུང་ནས་བཤད་པའི་འདོད་ཆགས་ནི་རྒྱུ་མི་དགེ་བའམ་མ་རིག་པའི་དབང་གིས་བྱུང་བའི་ཟག་བཅས་ཀྱི་ཆོས་ལ་དམིགས་ནས་དེ་ལ་ལྷག་པར་ཆགས་པའམ་དེ་ལ་ཚད་ལས་བརྒལ་བའི་སྒྲོ་འདོགས་པའི་བློ་ལོག་པ་ཞིག་ལ་ཟེར།

དེ་དཔེ་མཚོན་ཙམ་གྱིས་ཞུས་ན། ང་ཚོས་རང་ཉིད་ཀྱི་སྣང་བར་ཆེས་འགྲོ་བའི་ཅ་ལག་གམ་ཡང་ན་རང་ཉིད་ཀྱི་ཆེས་དགའ་བའི་མི་ཞིག་ལ་ལྟ་སྐབས་དེ་ཉིད་དངོས་ཡོད་ཀྱི་ཚད་ལས་བརྒལ་བའི་ཡག་པོ་དང་མཛེས་པོ་ཞིག་ཏུ་མཐོང་གི་ཡོད། གང་མཐོང་བའི་ཡུལ་དེ་ལས་ཉོན་དང་མ་རིག་པའི་དབང་གིས་བྱུང་ཞིང་དེ་ལ་རང་ཉིད་ཀྱི་དངོས་ཡོད་གནས་ཚོད་ལས་བརྒལ་བའི་ཡིད་འོང་དུ་ལྟ་མཁན་གྱི་བློ་དེ་འདོད་ཆགས་ཡིན། འོ་ན་དེ་འདྲའི་བློ་དེ་མེད་པར་གཏང་དགོས་པ་དང་དེ་ལ་སྐྱོན་གང་ཞིག་ཡོད་བསམ་ན་འདི་ལྟར་ཡིན། སྤྱིར་བཏང་ཆོས་ཙམ་མ་ཡིན་པར་འཇིག་རྟེན་གྱི་འགྲོ་སྟངས་ཀྱི་ཐོག་ནས་བཤད་ན་ཕོ་མོ་ཕན་ཚུན་གཉིས་མོས་ཀྱི་འཁྲིག་པ་སྤྱོད་པ་དང་། འདོད་པའི་ཡུལ་ལ་ཆགས་པ་ཙམ་ལ་སྐྱོན་ཆེར་མེད། དེ་ལྟར་ཡང་ཚད་ལས་བརྒལ་བའི་འདོད་ཆགས་ཀྱི་བློ་དེས་སྤྱི་ཚོགས་དང་། མི་སྒེར། འཚོ་བ་བཅས་ལ་དོ་ཕོག་དང་གནོན་སྐྱོན་ཡོང་གི་ཡོད། དེའི་ཕྱིར་བློ་དེ་སྤང་དགོས་པ་དང་མེད་པར་གཏང་དགོས་པ་ཡིན། འདོད་ཆགས་ཀྱིས་གནོད་སྐྱོན་གཙོ་བོ་ནི་ཁོང་ཁྲོ་འདྲེན་འོང་ཞིང་ཁོང་ཁྲོ་ནི་མི་ཚེ་བདེ་སྐྱིད་མེད་པར་གཏོང་བའི་བྱེད་པོ་ཞིག་ཡིན།

རང་ཉིད་ཡུལ་གང་ཞིག་ལ་ཇི་ཙམ་གྱིས་ཚད་ལས་བརྒལ་བའི་འདོད་ཆགས་སྐྱེས་སྐབས་ཡུལ་དེ་ཁོ་ནར་དུང་ཤུགས་ཆེ་རུ་འགྲོ་བ་དང་། དེ་ལྟར་སོང་ན་དེ་ལ་ཅུང་ཙམ་གྱི་མ་འདོད་པའི་གནས་སྟངས་བྱུང་སྐབས་བསམ་ཤེས་དང་གནས་སྟངས་གཞན་གྱི་ཐོག་བསམ་བློ་གཏོང་མ་ཐུབ་པར་གཞན་ལ་གནོད་པ་དང་། དཀྲུག་ཤིང་སློང་གི་ཡོད། དེའི་དབང་གིས་ཐ་ན་མི་བསོད་པ་དང་བཙན་གཡེམ་བྱེད་པ་སོགས་ཏེ་རང་དབང་དང་ཁྲིམས་ལུགས་ལས་བརྒལ་བའི་ལས་སྣ་ཚོགས་བྱེད་ཀྱི་ཡོད། ང་ཚོའི་བསམ་ངོར་འདོད་ཆགས་ནི་ཚེ་བློས་གཏོང་བའི་བླ་མ་དང་གྲྭ་བ། ཡང་ན་ཆོས་པ་ཞིག་གིས་སྤངས་པའམ་ཉུང་དུ་གཏང་དགོས་པ་ཞིག་ལས་འཇིག་རྟེན་གྱི་ཁྱིམ་པ་རང་ག་བ་ཞིག་གིས་མེད་པར་གཏོང་མི་ཐུབ་པ་དང་མེད་པར་གཏང་མི་དགོས་པའི་འདུ་ཤེས་ཤིག་འཛིན་གྱི་ཡོད། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན། རྒྱུ་མཚན་ནི་འདོད་ཆགས་ཀྱིས་ང་ཚོར་ཉིན་རེའི་འཚོ་བའི་ནང་ལ་དཀའ་ངལ་དང་། རྙོག་གྲ་མང་པོ་ཞིག་ཁུར་ཡོང་གི་ཡོད། འདོད་ཆགས་ཉུང་དུ་གཏང་བ་དང་རང་ཉིད་འདོད་ཆགས་ཀྱི་གཞན་དབང་དུ་མ་གྱུར་བ་བྱེད་པ་ནི་ཚེ་འདིའི་རང་གི་འཚོ་བའི་བདེ་སྐྱིད་འོང་བར་ཕན་ཐོགས་ངེས་ཅན་ཞིག་ཡོད་ལ་དེ་ནི་ཆོས་བྱས་ནས་སངས་རྒྱས་པའི་སྐད་ཆ་མིན་པར་ཆོས་ཉིད་རང་བཞིན་གྱིས་འཚོ་བར་བདེ་སྐྱིད་སྐྲུན་སྟངས་ཤིག་ཡིན།

འདོད་ཆགས་ནི་འདོད་པའི་ཁམས་ཀྱི་མི་ཚོའི་ཡིད་དབང་དང་ལྷན་དུ་འགྲོགས་པའི་སྐྱེས་ཐོབ་ཀྱི་དངོས་པོ་ཞིག་ཡིན་པས་དེ་མེད་པར་གཏང་དགོས་ཟེར་ན་བློ་ཡུལ་ལས་འདས་པ་ཞིག་ཡིན་སྲིད་ལ་ཕྱོགས་གཞན་ཞིག་ནས་ཁྱིམ་གཞིས་སྐྱོང་བའི་རྒྱུས་མེད་ཀྱི་ཕོ་མོ་གཉིས་མི་ཚེ་བདེ་སྐྱིད་ཀྱིས་སྐྱེལ་བ་དང་ཡིད་དུ་འོང་བའི་བུ་དང་བུ་མོ་གསོ་སྐྱོང་བྱེད་བཞིན་བརྩེ་དུང་གི་ལས་ལ་འཇུག་པ་ནི་བདེ་སྐྱིད་ཅིག་མ་ཡིན་ནམ་ཟེར་བའི་དྲི་བ་འདི་ཡོང་སྲིད། རེད། འདི་ནི་བདེ་སྐྱིད་ཅིག་རེད། རེད་དེ། འདི་ནི་འདོད་ཆགས་ཁོ་ནས་བསྐྲུན་པ་ཞིག་གཏན་ནས་མ་རེད། ཕོ་མོ་ཕན་ཚུན་གྱི་བརྩེ་བ་ནི་བསམ་ཤེས་དང་། སྐྱིད་སྡུག་མཉམ་མྱོང་གི་ཚོར་བ་ཞིག་གི་ཐོག་ནས་ཡོང་དགོས་པ་ལས་ཆགས་སྲེད་ཁོ་ནས་དབང་གིས་ཡོང་མི་སྲིད། ཆགས་སྲེད་ཀྱི་འདོད་པ་ཁོ་ནས་དབང་གིས་མཉམ་དུ་སྦྱར་བའི་ཕོ་མོ་གཉིས་ལ་མཚོན་ན་ཡུན་རིང་དང་མི་ཚེ་མཉམ་སྐྱེལ་གྱི་འཚོ་བ་སྤྲོ་སྣང་ལྡན་པ་ཞིག་ཧ་ཀྱང་དཀའ་བ་ཡིན།

འོན་ཀྱང་ཕོ་མོ་གཉིས་ཕན་ཚུན་དགའ་བོ་དང་གཤིས་ཀ་འདྲ་བ་སེམས་གཏིང་གི་དུང་བ་ཡོད་པ་གང་ཞིག་ལ་འཁྲིག་པའི་འདོད་པ་ནི་ཕན་ཚུན་གྱི་ཡིད་ཚིམ་ངེས་ཤིག་ཡོད་དགོས་པ་གལ་ཆེན་ཞིག་ཡིན་སྲིད། འདི་ནི་འཇིག་རྟེན་ལུགས་ཀྱི་དངོས་ཡོད་ལྟ་ཚུལ་ཞིག་བཤད་པ་ཙམ་ཡིན། ནང་ཆོས་ཀྱི་གཞུང་ལུགས་ལྟར་ན་འདོད་ཆགས་ནི་མེད་པར་གཏང་དགོས་པའི་ཉེས་ཕྱོགས་ཀྱི་བསམ་བློ་ཞིག་ཡིན་ཞིང་རྒྱུ་མཚན་གཙོ་བོ་ནི་རང་དང་རང་གི་དགའ་ཕྱོགས་ཀྱི་དངོས་པོ་བྱེ་བྲག་པ་ཞིག་ལ་ཤུགས་ཆེར་ཆགས་པས་གཞན་ལ་བདེ་སྐྱིད་སྐྲུན་མི་ཐུབ་པ་དང་། གཞན་ལ་གནོད་པ་བྱེད་སྲིད་པས་ཡིན། མདོར་བསྡུས་ན་ནང་ཆོས་ཀྱི་གཞུང་ལུགས་ནི་གཞན་ཕན་ཁོ་ནར་གཞོལ་བའི་བསམ་བློའི་སྟོབས་ཤུགས་ཀྱི་རིགས་པའི་གཞུང་ལུགས་ཤིག་ཡང་དག་པ་ཞིག་ཡིན་པས་ཡིན། དེ་ལྟར་ཡང་ང་ཚོས་ཉིན་རེའི་འཚོ་བའི་ཉམས་ལེན་གྱི་ཁྲོད་དུ་ནང་ཆོས་ཀྱི་ཆེས་ཚད་མཐོ་བའི་བསམ་བློ་དག་ལ་ཡིད་སྨོན་བྱེད་ཀྱང་། ཉམས་ལེན་དེ་དག་བྱེད་མ་ཐུབ་ཚེ་སེམས་ཤུགས་ཆག་པ་དང་། ཉམས་ལེན་གཞན་རྣམས་སྣང་མེད་དུ་གཏོང་མི་རུང་། ངས་གོང་དུ་བཤད་པ་བཞིན་ནང་ཆོས་ཀྱི་གཞུང་དུ་རང་རང་གི་ནུས་པ་དང་འཚམ་པའི་ཉམས་ལེན་བྱ་རྒྱུ་ཡོད།

 

དཔེ་མཚོན་གྱིས་ཞུས་ན། རང་ཉིད་ལ་ཁྱིམ་ཚང་དང་བུ་ཕྲུག་ཡོད་པའི་སྐྱེ་བོ་ཞིག་ལ་མཚོན་ནའང། རང་ཉིད་ཀྱི་བཟའ་ཚང་དང་མཉམ་དུ་འདོད་པའི་དགའ་བདེར་རོལ་རྒྱུ་དང་། ནང་ཆོས་ཀྱི་གཞུང་ལུགས་ཀྱིས་སྡིག་ཉེས་སུ་བཤད་པའི་ལས་བྱ་མང་དག་ལ་འཇུག་དགོས་ངེས་ཀྱང་། དེ་ཙམ་གྱིས་སེམས་ཞུམ་དགོས་དོན་མེད་པར་རང་ཉིད་ཀྱིས་གང་ཐུབ་ཀྱིས་གཞན་ཕན་དང་། གཞན་ལ་གནོད་པའི་ལས་ལས་གཡོལ་བ། རང་གི་བཟའ་ཟླ་དང་བུ་ཕྲུག་དག་ལ་བསམ་ཤེས་དང་། བྱམས་སྐྱོང་བྱས། དཀོན་མཆོག་ལ་གསོལ་འདེབས་དང་། རང་གིས་མི་བྱེད་ཀ་མེད་ཀྱི་སྡིག་པ་རྣམས་དཀོན་མཆོག་གི་མདུན་ནས་འགྱོད་བཤགས་བྱས་ན་ཁྱེད་རང་རང་ཉིད་ཀྱི་གནས་བབ་ཀྱིས་ཆོས་པ་ངོ་མ་ཞིག་ཡིན།

མུ་མཐུད་་་་་་་་་