༄༅།། མཁས་དབང་གཉིས།ཀྱི་སྐུ་བརྙན་ཞིག་མཐོང་རྗེས།

 

 མཁན་ཆེན་༧ཚུལ་ཁྲིམས་བློ་གྲོས།

རྒྱ་བོད་ཀུན་ལ་སྙན་པ་བར་མེད་འབར་བའི།། 

གངས་ལྗོངས་མཁས་དབང་ཡོངས་ཀྱི་གཙུག་གི་རྒྱན་གཅིག། 

དུས་རབས་ཉེར་གཅིག་ཁྲོད་ཀྱི་རིག་པའི་དཔུང་རྒྱན།། 

གངས་ལྗོངས་ལོ་ཙྭ་ཆེན་མོ་ཁྱེད་ལ་འདུད་དོ།། 

 

སྐད་གཉིས་སྨྲ་བའི་ལོ་ཙྭ་པ་ཡེ་ཤེས་ཕུན་ཚོགས། 

ལྔ་རིག་འོད་དཀར་འཁྱིལ་བའི་ལོ་ཙྭ་ཆེན་མོ།། 

བཀའ་གདམ་གོང་མའི་རྣམ་ཐར་ཚུལ་བཞིན་བསྟེན་པའི།། 

གངས་ཅན་རིག་མཛོད་ཆེན་མོའི་སྲོག་ཤིང་གཅིག་པར།། 

ཟླ་བྲལ་སྨྲ་བའི་དབང་ཕྱུག་ཁྱེད་ལ་འདུད་དོ།། 

མཁས་དབང་རྣམ་གཉིས།

བསྟན་འཛིན་སྟོང་གི་ཐུགས་ཀྱི་སྐྱེ་ཆེན་རྣམ་གཉིས།། 

ཁ་བ་གངས་ཅན་ཁྲོད་ཀྱི་སྟག་སེང་ཁ་སྤྲོད།། 

འདུལ་འཛིན་མཁས་གྲུབ་བྱེ་བའི་བསྟན་པའི་གདུགས་དཀར།།

ཉེར་གཅིག་དུས་རབས་ནང་གི་མཁའ་ལྡིང་ཁྱུང་ཆེན།།

སྐུ་པར་ལ་བལྟས་པའི་ཚོར་སྣང་།

གུ་ཡངས་སྒམ་དཀྱེལ་ལྡན་པའི་ཞི་བདེའི་དུང་བརྟ།། 

འཛུམ་པའི་སྐུ་པར་མཉམ་སྒྲོན་མིག་ལ་སྣང་ཚེ།། 

མ་བཅོས་དད་གདུང་བརྩེགས་མའི་དད་གསུམ་མགོ་ལྕོག

།  རིག་པའི་དབང་ཕྱུག་རྣམ་གཉིས་ཕྱོགས་སུ་ལྡེམ་ཤོར།།

གསེར་རྟའི་སྨྱོན་པ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་

འབོད་པས་བཞུགས་སྒར་རྡ་རམ་ས་ནས་སུག་བྲིས་སོ།།